རྒྱལ་རབས་གཉིས་པ་ལེའུ་ཉི་ཤུ་པ།
2 Kings 20
1 སྐབས་དེ་དུས་ཧི་ཛེ་ཀི་ཡཱ་ལ་ན་ཚ་ཕོག་ནས་ཁོ་ཤི་ཁར་ཐུག ཨ་མོས་ཀྱི་བུ་སྔོན་ཤེས་པ་ཡེ་ཤ་ཡཱ་ཡོང་ནས་ཁོ་ལ་བཤད། “ཡ་ཧོ་ཝཱས་འདི་ལྟར་གསུངས། ‘ཁྱོད་ཀྱི་ཁྱིམ་མི་ལ་བཀའ་བཀོད་ཐོང་ཞིག ཁྱོད་ངེས་པར་དུ་ཤི་ལ་དྲག་སྐྱེད་བྱུང་མི་སྲིད’” 2 སྐབས་དེར་ཁོས་རང་གི་གདོང་རྩིག་པའི་ཕྱོགས་སུ་གཏད་བཞིན་ཡ་ཧོ་ཝཱར་སྨོན་ལམ་བཏབ། 3 “ཀྱེ་ཡ་ཧོ་ཝཱ། ངས་ཁྱེད་ལ་གསོལ་བ་འདེབས། ངས་ཁྱེད་ཀྱི་མདུན་དུ་ལྷག་བསམ་འགྱུར་མེད་པར་སེམས་ཧྲིལ་པོས་བྱ་བ་བྱས་པ་དང་། ཁྱེད་ཀྱི་སྤྱན་ལ་བཟང་པོ་ཡིན་པའི་ལས་ཀ་བྱས་པ་ཐུགས་ལ་དྲན་རོགས་གནང” དེ་ནས་ཧི་ཛེ་ཀི་ཡཱ་དྲག་ཏུ་ངུ་ཤོར། 4 ཡེ་ཤ་ཡཱ་ད་དུང་དཀྱིལ་གྱི་ཁྱམས་རར་མ་ཐོན་པའི་གོང་ལ། ཡ་ཧོ་ཝཱའི་བཀའ་མོལ་ཁོ་ལ་བབ་ནས་གསུངས། 5 “ལོག་ཕྱིན་ནས་ངའི་མི་སེར་གྱི་གཙོ་འཛིན་ཧི་ཛེ་ཀི་ཡཱ་ལ་ཤོད་ཅིག ‘ཁྱོད་ཀྱི་མེས་པོ་དཱ་བིད་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་འདི་ལྟར་གསུངས། “ངས་ཁྱོད་ཀྱི་སྨོན་ལམ་ཐོས་བྱུང་། ངས་ཁྱོད་ཀྱི་མིག་ཆུ་མཐོང་བྱུང་། ལྟོས་ཤིག ད་ངས་ཁྱོད་ཀྱི་ནད་སེལ་གྱི་ཡོད། ཉི་མ་གསུམ་པར་ཁྱོད་ཡ་ཧོ་ཝཱའི་མཆོད་ཁང་ལ་ཡར་འགྲོ་རྒྱུ་རད།



