འགོད་པ་ལེའུ་གསུམ་པ།
Genesis 3
1 དཀོན་མཆོག་ཡ་ཧོ་ཝཱས་བཟོས་བའི་རི་ཐང་གི་སྲོག་ཆགས་ཐམས་ཆད་ནང་ནས་སྦྲུལ་ནི་དོགས་ཟོན་ཆེ་ཤོས་ཤིག་ཡིན་པ་དང་། སྦྲུལ་གྱིས་བུད་མེད་ལ་བཤད། “དཀོན་མཆོག་གིས་དངོས་གནས་ཁྱོད་ཚོར་ལྡུམ་རའི་ནང་གི་ཤིང་སྡོང་ཚང་མའི་འབྲས་བུ་ཟ་མི་ཆོག་ཅེས་གསུངས་སམ” 2 ལན་དུ་བུད་མེད་ཀྱིས་སྦྲུལ་ལ་ “ལྡུམ་རའི་ནང་གི་ཤིང་སྡོང་རྣམས་ཀྱི་འབྲས་བུ་ང་ཚོས་ཟ་ཆོག 3 འོན་ཀྱང་ལྡུམ་རའི་དཀྱིལ་གྱི་ཤིང་གི་འབྲས་བུ་དེའི་སྐོར་དཀོན་མཆོག་གིས་ ‘ཁྱོད་ཚོས་དེ་ཟ་མི་ཆོག་ལ་དེར་རེག་མི་ཆོག གལ་སྲིད་དེ་ལྟར་བྱས་ན་ཁྱོད་ཚོ་ཤི་ངེས་ཡིན’ ཞེས་གསུངས།” 4 སྦྲུལ་གྱིས་ལན་དུ་བུད་མེད་ལ་ “ཁྱོད་ཚོ་རྩ་བ་ནས་ཤི་མི་སྲིད། 5 ཁྱོད་ཚོས་དེ་བཟའ་བའི་ཉིན་མོ་དེར་ཁྱོད་ཚོའི་མིག་ཕྱེ་ནས་དཀོན་མཆོག་དང་འདྲ་བར་བཟང་ངན་ཤེས་པར་འགྱུར་བ་དེ་དཀོན་མཆོག་གིས་མཁྱེན་ཡོད” ཅེས་བཤད། 6 དེར་བརྟེན་བུད་མེད་ཀྱིས་ཤིང་འབྲས་དེ་བཟའ་བར་བཟང་ཞིང་མིག་ལ་མཛེས་པོ་ཡོད་པ་མཐོང་། ཤིང་སྡོང་དེ་བལྟས་ན་དངོས་གནས་ཡིད་དུ་འོང་བ་ཞིག་ཡིན་པས། མོས་དེའི་འབྲས་བུ་བླངས་ནས་བཟས་པ་དང་། རྗེས་མར་ཁྱོ་ག་དང་མཉམ་དུ་ཡོད་དུས་ཁོ་ལའང་ཁ་ཤས་སྟེར་ནས་ཁོས་ཀྱང་དེ་བཟས་པ་རེད།
...
...
19 ཁྱོད་ནི་རང་གི་གདོང་རྔུལ་ནག་གིས་སྦངས་ནས་ཟ་མ་འཐོབ། ཁྱོད་ས་ནས་བླངས་པ་ཡིན་པས་མཐའ་མར་ཁྱོད་ས་ལ་ལོག ཁྱོད་ཐལ་བ་ཡིན་པས་ཐལ་བར་ལོག་རྒྱུ་རེད།
...
23 དཀོན་མཆོག་ཡ་ཧོ་ཝཱས་ཁོ་ཨེ་དེན་གྱི་ལྡུམ་ར་ནས་ཕྱིར་བུད་ནས་ཁོའི་འབྱུང་ཁུངས་ཀྱི་ས་རྨོ་བར་བཅུག 24 ཁོང་གིས་མི་དེ་བསྐྲད་ནས་ཚེ་སྲོག་གི་ཤིང་ལ་འགྲོ་བའི་ལམ་སྲུང་བའི་ཆེད་དུ་ཨེ་དེན་གྱི་ལྡུམ་རའི་ཤར་ཕྱོགས་སུ་ཕོ་ཉ་ཀེ་རུབ་དང་རྒྱུན་ཆད་མེད་པར་འཁོར་བའི་རལ་གྲི་མེ་ལྕེ་དང་ལྡན་པ་ཞིག་བཞག་གནང་།



