ལེགས་བཤད་ལེའུ་དང་པོ།

Proverbs 1


1 ཨི་སི་ར་ཨེལ་གྱི་རྒྱལ་པོ། དཱ་བིད་ཀྱིས་བུ། སོ་ལོ་མོན་གྱི་ལེགས་བཤད།

2 མི་རྣམས་ཀྱིས་ཤེས་རབ་སྦྱངས་ནས་སྦྱོང་བརྡར་འཐོབ་པ་དང་།

     ཤེས་རབ་ལྡན་པའི་བསླབ་བྱ་ཧ་གོ་བའི་ཆེད་དུ་ཕན་པའི་ལེགས་བཤད་ཡིན།

3 མི་ལ་གནས་ལུགས་རྒྱུ་མཚན་ཧ་གོ་བའི་ནུས་པ་འཐོབ་པ་དང་།

     དྲང་བདེན། ཐག་གཅོད་ཡང་དག་པ་བྱེད་སྟངས། དྲང་པོ་དྲང་གཞག་བཅས་ཤེས་པའི་ཆེད་དུ་སྦྱོང་བརྡར་སྤྲོད།

4 ཉམས་མྱོང་མེད་པའི་མི་སྤྱང་པོ་བཟོ།

     གཞོན་ནུ་རྣམས་ལ་ཤེས་ཡོན་དང་བསམ་བློ་གཏོང་བའི་ནུས་རྩལ་སྤྲོད།

5 ཤེས་རབ་ཅན་གྱིས་ཉན་ནས་སློབ་ཁྲིད་དེ་བས་མང་བ་འཐོབ།

     གོ་རྟོགས་ནུས་རྩལ་ཡོད་པའི་མི་ལ་ཁྲིད་སྟོན་མཁས་པོ་འཐོབ།

6 དེ་ནི་ལེགས་བཤད་དང་ཧ་གོ་དཀའ་བའི་བཤད་སྲོལ།

     ཤེས་རབ་ཅན་གྱི་གཏམ་དང་གབ་ཚིག་ཧ་གོ་བའི་ཆེད་དུ་ཡིན།

7 ཡ་ཧོ་ཝཱ་ལ་གུས་བརྩི་ཞུ་བ་ནི་ཤེས་ཡོན་གྱི་ཐོག་མ་ཡིན།

     གླེན་པ་ཁོ་ནས་ཤེས་རབ་དང་སྦྱོང་བརྡར་ལ་མཐོང་ཆུང་བྱེད།

8 ངའི་བུ།  ཁྱོད་ཀྱིས་ཕ་ཡི་སྦྱོང་བརྡར་དང་ལེན་བྱེད་དགོས།

     ཁྱོད་ཀྱི་ཨ་མའི་བསླབ་བྱ་འདོར་མི་ཆོག

9 དེ་ནི་ཁྱོད་ཀྱི་མགོ་སྟེང་གི་རྒྱན་ཆ་མཛེས་པོ་དང་།

     སྐེད་རྒྱན་སྙིང་རྗེ་པོ་ཞིག་ཡིན།

10 ངའི་བུ། གལ་སྲིད་སྡིག་ཅན་གྱིས་ཁྱོད་ལ་སླུ་ཁྲིད་བྱས་ན་ཁོའི་ཁ་ལ་ཉན་མི་ཆོག

11 གལ་སྲིད་ཁོ་ཚོས་“ང་ཚོ་དང་མཉམ་དུ་ཤོག

     མི་གསོད་པའི་ཆེད་དུ་ལྐོག་ཏུ་སྒུག་དོ།

     ང་ཚོ་ལྐོག་ཏུ་བསྒུགས་ནས་སུ་ཞིག་ལ་རྒྱུ་རྐྱེན་མེད་པར་གནོད་འཚེ་གཏང་།

12 ང་ཚོས་དུར་ས་དང་འདྲ་བར་མི་གསོན་པོ་རྣམས་ཁྱུར་མིད་གཏང་།

     ས་དོང་ལ་བླུག་པ་ལྟར་མི་དེ་ཚོ་ཆ་ཚང་ཁྱུར་མིད་གཏང་།

13 ང་ཚོས་ཁོ་ཚོའི་རྩ་ཆེན་ནོར་བུ་ཚང་མ་བཙན་འཕྲོག་བྱེད།

     འཕྲོག་བཅོམ་བྱས་པའི་རྒྱུ་ནོར་གྱིས་ང་ཚོའི་ཁང་པ་བཀང་བར་བྱེད་དོ།

14 ང་ཚོ་དང་མཉམ་དུ་ཤོག

     ང་ཚོས་རྐུ་བའི་དངོས་པོ་འདྲ་མཉམ་ངང་བགོ་བཤག་བརྒྱབ་ཆོག”

15 ངའི་བུ། ཁོ་ཚོའི་རྗེས་སུ་མ་འབྲངས་ཞིག

     ཁོ་ཚོའི་ལམ་ཐོག་ཏུ་འགྲོ་མི་ཆོག

16 གང་ཡིན་ཟེར་ན་ཁོ་ཚོའི་རྐང་པ་སྤྱོད་ངན་སྤེལ་བའི་ཆེད་དུ་རྒྱུགས།

     ཁོ་ཚོས་རྟག་པར་མི་གསོད་ཐབས་བྱེད།

17 བྱ་བྱིའུ་གིས་མཐོང་སར་རྒྱ་འགྲེམ་ན་ཕན་ཐོགས་མེད་པས།

18 ཁོ་ཚོས་མི་གསོད་པའི་ཆེད་དུ་ལྐོག་ཏུ་སྒུག

     ལྐོག་ཏུ་བསྒུགས་ནས་མི་གཞན་གྱི་ཚེ་སྲོག་འཕྲོག

19 འདི་ཚོ་ནི་ཁེ་ཕན་གཡོ་ལེན་བྱེད་ཐབས་བྱེད་མཁན་གྱི་ཐབས་ཤེས་ཡིན།

     འོན་ཀྱང་ཁེ་ཕན་དེས་ཁོ་ཚོའི་ཚེ་སྲོག་འཕྲོག

20 ཤེས་རབ་ངོ་མ་ཡིས་ལམ་ཁའི་སྟེང་དུ་སྐད་ཤུགས་ཆེན་པོས་འབོད་བཞིན་འདུག

     ཐང་ཆེན་དུ་འབོད་སྐད་ཆེན་པོ་རྒྱག་བཞིན་འདུག

21 མི་མང་པོ་ཡོད་པའི་ལམ་མདོ་ནས་འབོད།

     གྲོང་ཁྱེར་གྱི་རྒྱ་སྒོའི་འགྲམ་ལ་བཤད།

22 “ཉམས་མྱོང་མེད་པའི་མི་རྣམས།

     ཁྱོད་ཚོས་ག་དུས་བར་དུ་ཉམས་མྱོང་མེད་པའི་གནས་སྟངས་ལ་དགའ་འམ།

     འཕྱ་སྨོད་བྱེད་མཁན་རྣམས།

     ཁྱོད་ཚོས་ག་དུས་བར་དུ་འཕྱ་སྨོད་བྱེད་པ་ལ་དགའ་འམ།

     གླེན་པ་རྣམས། ཁྱོད་ཚོས་ག་དུས་བར་དུ་ཤེས་ཡོན་ལ་སྡང་ངམ།

23 ངའི་སྐྱོན་བརྗོད་ལ་ཉོན་དང་།

     དེ་ལྟར་བྱས་ན་ངས་ཁྱོད་ཚོའི་ལུས་སྟེང་དུ་ནུས་ཤུགས་བླུགས་པས།

     ཁྱོད་ཚོས་ངའི་གཏམ་ཧ་གོ་ཐུབ།

24 ངས་འབོད་སྐབས་ཁྱོད་ཚོས་རྟག་པར་ངའི་ཁ་ལ་མ་ཉན།

     ངས་ལག་པ་བཀྱངས་སྐབས་མི་སུ་ཞིག་ཀྱང་དོ་སྣང་མ་བྱས།

25 ཁྱེད་ཚོས་རྟག་པར་ངའི་བསླབ་བྱ་སྣང་མེད་དུ་བཞག་ནས།

     ངའི་སྐྱོན་བརྗོད་ལ་མ་ཉན་པས།

26 ཁྱོད་ཚོར་རྐྱེན་ངན་འབྱུང་སྐབས་ངས་ཀྱང་གད་མོ་དགོད།

     ཁྱོད་ཚོ་དངངས་སྐྲག་སྐྱེས་པའི་གནས་ཚུལ་འབྱུང་སྐབས་ངས་ཀྱང་འཕྱ་སྨོད་བྱེད།

27 ཁྱོད་ཚོས་དངངས་སྐྲག་སྐྱེས་པའི་གནས་ཚུལ་རླུང་ཚུབ་ལྟར་སླེབ་སྐབས།

     ཁྱོད་ཚོའི་རྐྱེན་ངན་རླུང་དྲག་པོ་རྒྱག་པ་ལྟར་སླེབ་སྐབས།

     སྡུག་བསྔལ་དང་དཀའ་སྡུག་ཁྱོད་ཚོར་འབྱུང་སྐབས།

28 སྐབས་དེར་ཁོ་ཚོས་ང་ལ་རྟག་པར་འབོད་ཀྱང་ངས་ལན་མི་རྒྱག

     ཁོ་ཚོས་འབད་བརྩོན་གྱིས་ང་བཙལ་ན་ཡང་རྙེད་མི་ཐུབ།

29 གང་ཡིན་ཟེར་ན་ཁོ་ཚོས་ཤེས་ཡོན་ལ་སྡང་བ་དང་།

     ཡ་ཧོ་ཝཱ་ལ་གུས་བརྩི་ཞུ་བའི་གདམ་ག་མ་བྱས།

30 ཁོ་ཚོས་ངའི་བསླབ་བྱ་ལ་མ་ཉན་པ་དང་།

     ངའི་སྐྱོན་བརྗོད་ཐམས་ཅད་ལ་མཐོང་ཆུང་བྱས་པས།

31 ཁོ་ཚོས་རང་ཉིད་ཀྱི་འགྲོ་ལམ་གྱི་གྲུབ་འབྲས་བཟའ།

     ཁོ་ཚོས་ཐབས་ཇུས་མང་པོ་བཏོན་ནས་རང་སྡུག་རང་གིས་ཉོ།

32 ཉམས་མྱོང་མེད་པའི་མི་ནི་རང་ཤེད་ཚ་དྲགས་པས་ཚེ་སྲོག་ཤོར།

     གླེན་པ་རྣམས་ནི་ཁེངས་དྲེགས་ཆེ་བའི་རྐྱེན་གྱིས་མེད་པར་འགྱུར།

33 འོན་ཀྱང་ངའི་ཁ་ལ་ཉན་མཁན་ནི་བདེ་འཇགས་ངང་གནས།

     མི་དེ་རྐྱེན་ངན་ལ་དངངས་སྐྲག་སྐྱེ་མི་སྲིད”