ལེགས་བཤད་ལེའུ་གཉིས་པ།
Proverbs 2
1 ངའི་བུ། གལ་སྲིད་ཁྱོད་ཀྱིས་ངའི་གསུང་དང་ལེན་བྱས་ནས།
ངའི་བཀའ་རྣམས་ནོར་བུ་ལྟར་བསགས་ན།
2 ཁྱོད་ཀྱིས་ཤེས་རབ་ལ་རྣ་བ་གཏད་ནས།
དབྱེ་ཞིབ་ཀྱི་ནུས་པ་འཐོབ་པར་བློ་ཁ་ཕྱོགས་ན།
3 ད་དུང་ཁྱོད་ཀྱིས་གོ་རྟོགས་ཀྱི་ནུས་པ་འཐོབ་པའི་ཆེད་དུ་བོས་ནས།
དབྱེ་ཞིབ་ཀྱི་ནུས་པ་འཐོབ་པའི་ཆེད་དུ་འབོད་སྐད་བརྒྱབ་ན།
4 གལ་སྲིད་དངུལ་འཚོལ་བ་ལྟར་རྒྱུན་ཆད་མེད་པར་དེ་བཙལ་ནས།
སྦས་པའི་ནོར་བུ་འཚོལ་བ་ལྟར་མུ་མཐུད་ནས་བཙལ་ན།
5 དེ་ལྟར་ཁྱོད་ཀྱིས་ཡ་ཧོ་ཝཱ་ལ་གུས་བརྩི་ཞུ་བ་ཤེས་ནས།
དཀོན་མཆོག་སྐོར་གྱི་ཤེས་ཡོན་རྙེད།
6 ཡ་ཧོ་ཝཱ་ཁོང་ཉིད་ཀྱིས་མི་ལ་ཤེས་རབ་གནང་།
ཁོང་གི་ཞལ་ནས་ཤེས་ཡོན་དང་མི་ལ་དབྱེ་ཞིབ་ཀྱི་ནུས་པ་སྤྲོད་པའི་བཀའ་མོལ་འཐོན།
7 ཁོང་གིས་མི་དྲང་པོའི་ཆེད་དུ་ཕན་ཐོགས་པའི་ཤེས་རབ་བསགས།
ཁོང་ནི་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ཕུབ་ཡིན།
8 ཁོང་གིས་དྲང་གཞག་གི་འགྲོ་ལམ་གཟིགས་ནས།
ཁོང་ལ་ལྷག་བསམ་བྱེད་མཁན་གྱི་ཚེ་སྲོག་སྲུང་།
9 དེ་ལྟར་ཁྱོད་ཀྱིས་དྲང་བདེན་དང་དྲང་གཞག འདྲ་མཉམ།
སྤྱོད་ལམ་བཟང་པོ་བཅས་ཀྱི་རྣམ་པ་ཤེས།
10 ཁྱོད་ཀྱི་སེམས་ལ་ཤེས་རབ་འཛུལ་ནས།
ཁྱོད་ཀྱིས་ཤེས་ཡོན་ལ་དགའ་པོ་བྱེད་སྐབས།
11 བསམ་བློ་གཏོང་བའི་ནུས་རྩལ་གྱིས་ཁྱོད་ལ་ལྟ་རྟོག་བྱེད།
དབྱེ་ཞིབ་ཀྱི་ནུས་རྩལ་གྱིས་ཁྱོད་སྲུང་སྐྱོབ་བྱེད།
12 དེ་ཚོས་འགྲོ་ལམ་ངན་པ་དང་།
མ་རབས་ཀྱི་གཏམ་བཤད་མཁན་ལས་ཁྱོད་སྲུང་སྐྱོབ་བྱེད།
13 ཁོ་ཚོ་དྲང་གཞག་གི་ལམ་ཁ་དང་ཁ་བྲལ་ནས།
མུན་ནག་གི་ལམ་ཐོག་ཏུ་འགྲོ།
14 ཁོ་ཚོ་སྤྱོད་པ་ངན་པ་ལ་དགའ་ཞིང་།
མ་རབས་སྤྱོད་ངན་བྱེད་པ་ལ་དགའ།
15 ཁོ་ཚོའི་འགྲོ་ལམ་ཀྱག་ཀྱོག་ཡིན་པ་དང་།
ཁོ་ཚོའི་སྤྱོད་ལམ་ཧྲིལ་པོ་གཡོ་སྒྱུ་དང་ལྡན།
16 ཤེས་རབ་ཀྱིས་ད་དུང་ཚུལ་མིན་གྱི་བུད་མེད་དང་།
ཀུན་སྤྱོད་ངན་པའི་བུད་མེད་ཀྱི་ཁ་མཁས་པའི་གཏམ་ལས་སྲུང་སྐྱོབ་བྱེད།
17 བུད་མེད་དེས་གཞོན་ནུའི་དུས་སུ་གཉེན་སྒྲིག་བྱས་པའི་ཁྱོ་ག་གཡུགས་ནས།
དཀོན་མཆོག་གི་མདུན་དུ་བཞག་པའི་ཁ་ཆད་བརྗེད་ཡོད།
18 ཁོ་མོའི་ཁང་པར་འཛུལ་མཁན་ཤི་བའི་ནང་དུ་ནུབ།
ཁོ་མོའི་འགྲོ་ལམ་ནི་ཤི་ཚར་བའི་མི་རྣམས་ཁྲོད་དུ་སླེབ།
19 ཁོ་མོ་དང་འབྲེལ་བ་བྱེད་མཁན་སུ་ཞིག་ཀྱང་ལོག་ཡོང་མི་ཐུབ།
ཚེ་སྲོག་གི་ལམ་ཐོག་ཏུ་སླར་ཡང་ལོག་མི་ཐུབ།
20 ཁྱོད་ནི་མི་བཟང་པོ་རྣམས་ཀྱི་ལམ་ཐོག་ཏུ་འགྲོ་ཞིག
མུ་མཐུད་དྲང་བདེན་གྱི་མི་རྣམས་ཀྱི་ལམ་ཐོག་ཏུ་འགྲོ་ཞིག
21 མི་དྲང་པོ་རྣམས་ཁོ་ན་ས་སྟེང་དུ་བསྡད་ཐུབ།
ལྷག་བསམ་རྣམ་དག་བྱེད་མཁན་ཁོ་ན་མུ་མཐུད་ས་སྟེང་དུ་གནས་ཐུབ།
22 འོན་ཀྱང་མི་ངན་རྣམས་ནི་ས་སྟེང་ནས་རྩ་མེད་དུ་འགྲོ།
ངོ་ལྐོག་གཡོ་ལྷད་བྱེད་མཁན་རྣམས་ས་སྟེང་ནས་རྩ་མེད་དུ་གཏོང་།



