ལེགས་བཤད་ལེའུ་གསུམ་པ།

Proverbs 3


1 ངའི་བུ། ཁྱོད་ཀྱིས་ངའི་བསླབ་བྱ་བརྗེད་མི་ཆོག

     ངའི་བཀའ་རྣམས་སེམས་གཏིང་ནས་སྲུང་དགོས།

2 དེ་ལྟར་བྱས་ན་ཁྱོད་ཀྱི་མི་ཚེ་རིང་དུ་འགྲོ་ལ།

     ཞི་བདེ་ལྷིང་འཇགས་ཀྱི་མི་ཚེ་སྐྱེལ་ཐུབ།

3 འགྱུར་བ་མེད་པའི་བརྩེ་སེམས་དང་གཞུང་དྲང་ཤོར་མི་ཆོག

     དེ་ཚོ་སྐེ་ལ་བཏགས་ཤིག

     དེ་ཚོ་སྙིང་ལ་བཀོད་དགོས།

4 དེ་ལྟར་བྱས་ན་དཀོན་མཆོག་དང་མི་གཉིས་ཀ་ཁྱོད་ལ་དགའ་བ་དང་།

     ཁྱོད་གནས་ལུགས་རྒྱུ་མཚན་ཤེས་མཁན་ཡིན་པ་ཁོང་ཚོས་མཁྱེན།

5 ཁྱོད་ཀྱིས་བློ་གཅིག་སེམས་གཅིག་གིས་ཡ་ཧོ་ཝཱར་བློ་འགེལ་ཞིག

     རང་ཉིད་ཀྱི་ཤེས་རྟོགས་ལ་རྟེན་མི་ཆོག

6 ཁྱོད་ཀྱིས་སྤྱོད་ལམ་ཐམས་ཅད་ཐོག་དཀོན་མཆོག་གི་དགོངས་པ་ལ་དོ་སྣང་བྱེད་དགོས།

     ཁོང་གིས་ཁྱོད་ལ་ཡང་དག་པའི་འགྲོ་ལམ་སྟོན།

7 རང་ཉིད་ཤེས་རབ་ཅན་ཡིན་ཞེས་མ་བསམས་ཤིག

     ཡ་ཧོ་ཝཱ་ལ་གུས་བརྩི་ཞུས་ནས་སྤྱོད་ངན་དང་རྒྱང་རིང་དུ་བྲལ་ཞིག

8 དེ་ལྟར་བྱས་ན་ཁྱོད་ཀྱི་ལུས་པོ་དྲག་སྐྱེད་ཡོང་ལ།

     རུས་པའི་ནུས་སྟོབས་གསོ་ཐུབ།

9 ཁྱོད་ཀྱི་རིན་ཐང་ཆེ་བའི་ནོར་རྫས་དང་།

     ཁྱོད་ཀྱི་ཐོག་མའི་འཐོན་སྐྱེས་ཕུལ་ནས་ཡ་ཧོ་ཝཱ་ལ་གུས་བཀུར་ཞུ་དགོས།

10 དེ་ལྟར་བྱས་ན་ཁྱོད་ཀྱི་མཛོད་ཁང་ཁེང་བར་འགྱུར་ལ།

     ཁྱོད་ཀྱི་ཆང་ཟོམ་ཡང་ཆང་གསར་པས་ཁེང་བར་འགྱུར།

11 ངའི་བུ། ཁྱོད་ཀྱིས་ཡ་ཧོ་ཝཱས་གནང་བའི་སྦྱོང་བརྡར་ངེས་པར་དུ་དང་ལེན་བྱེད་དགོས།

     ཁོང་གི་སྐྱོན་བརྗོད་ལ་སུན་སྣང་སྐྱེ་མི་ཆོག

12 ཕ་ཡིས་གཅེས་པའི་བུ་གཅུན་པ་ལྟར།

     ཡ་ཧ་ཝཱས་ཁོང་གིས་བརྩེ་བའི་མི་ལ་སྐྱོན་བརྗོད་གནང་།

13 ཤེས་རབ་རྙེད་པའི་མི་དང་།

     དབྱེ་ཞིབ་ཀྱི་ནུས་པ་འཐོབ་པའི་མི་ནི་བདེ་སྐྱིད་དང་ལྡན།

14 ཤེས་རབ་འཐོབ་པ་ནི་དངུལ་འཐོབ་པ་ལས་ལེགས།

     གསེར་འཐོབ་པ་ལས་ཁེ་ཕན་ཆེ།

15 ཤེས་རབ་ནི་བྱུ་རུ་ལས་རྩ་ཆེ་བ་དང་།

     ཁྱོད་ཀྱིས་འཐོབ་འདོད་པ་ཐམས་ཅད་ལས་ལྷག

16 དེའི་ལག་པ་གཡས་པར་ཚེ་རིང་པོ་ཡོད་པ་དང་།

     ལག་པ་གཡོན་པར་རྒྱུ་ནོར་དང་གཟི་བརྗིད་ཡོད།

17 ཤེས་རབ་ཀྱི་ལམ་ཁ་ནི་སྤྲོ་སྣང་དང་ལྡན།

     དེའི་འགྲོ་ལམ་ཧྲིལ་པོ་ཞི་བདེ་དང་ལྡན།

18 མི་ཡིས་ཤེས་རབ་བཟུང་ན་དེ་ནི་ཁོ་ཚོའི་ཚེ་སྲོག་གི་ཤིང་ཡིན།

     ཤེས་རབ་དམ་འཛིན་བྱེད་མཁན་ལ་བདེ་སྐྱིད་ལྡན་པའི་མི་ཟེར།

19 ཡ་ཧོ་ཝཱས་ཤེས་རབ་ཀྱི་སྒོ་ནས་ས་གཞིའི་རྨང་གཞི་བཏིང་བ་དང་།

     དབྱེ་ཞིབ་ཀྱི་ནུས་རྩལ་གྱི་སྒོ་ནས་ནམ་མཁའ་བརྟན་པོར་བསྒྲིགས།

20 ཁོང་གི་ཤེས་ཡོན་གྱིས་ཆུ་ཟབ་མོ་ཁ་ཕྲལ་བ་དང་།

     གནམ་གྱི་སྤྲིན་པ་ནས་ཆར་པ་བབ།

21 ངའི་བུ། ཁྱོད་ཀྱིས་ཡོན་ཏན་དེ་ཚོ་ཤོར་མི་ཆོག

     ཕན་ཐོགས་པའི་ཤེས་རབ་དང་བསམ་བློ་གཏོང་བའི་ནུས་རྩལ་སྲུང་དགོས།

22 དེ་ཚོ་ཁྱོད་ལ་ཚེ་སྲོག་སྤྲོད།

     དེ་ཚོ་ནི་ཁྱོད་ཀྱི་སྐེ་རྒྱན་ཡིན།

23 ཁྱོད་བདེ་འཇགས་ངང་རང་གི་ལམ་ཁ་འགྲོ་ཐུབ།

     ནམ་ཡང་འགྱེལ་མི་སྲིད།

24 ཁྱོད་ཉལ་བའི་སྐབས་སུ་འཇིགས་སྣང་མེད།

     ཁྱོད་གཉིད་ཉལ་ན་གཉིད་སྐྱིད་པོ་ཁུག་ཐུབ།

25 ཁྱོད་ཀྱིས་གློ་བུར་དུ་འབྱུང་བའི་རྐྱེན་ངན་དང་།

     མི་ངན་ལ་སླེབས་རྒྱུ་ཡོད་པའི་རླུང་ཚུབ་ལ་འཇིགས་མི་སྲིད།

26 ཡ་ཧོ་ཝཱ་ནི་ཁྱོད་ཀྱི་སེམས་ཤུགས་ཀྱི་བྱུང་ཁུངས་ཡིན་པས།

     ཁོང་གིས་ཁྱོད་ཀྱི་རྐང་པ་རྙི་ལ་མ་ཚུད་པའི་ཆེད་དུ་སྐྱོབ།

27 ཁྱོད་ལ་རོགས་རམ་བྱེད་པའི་ནུས་སྟོབས་ཡོད་ན།

     རོགས་རམ་འཐོབ་འོས་པའི་མི་ལས་ལས་བཟང་ཕྱིར་འཐེན་བྱེད་མི་ཆོག

28 ཁྱོད་ཀྱིས་ད་ལྟ་རོགས་རམ་བྱེད་ཐུབ་ན།

     ཁྱིམ་མཚེས་ལ་ “ལོག་རྒྱུགས་ཤིག

     སང་ཉིན་ཡང་བསྐྱར་ཡོང་ན་ངས་སྤྲད་ཆོག”ཅེས་བཤད་མི་ཆོག

29 ཁྱིམ་མཚེས་བདེ་འཇགས་ངང་ཁྱོད་དང་མཉམ་དུ་སྡོད་སྐབས།

     ཁོ་ལ་གནོད་འཚེ་གཏང་བའི་བསམ་ངན་འཁོར་མི་ཆོག

30 མི་གཞན་གྱིས་ཁྱོད་ལ་གནོད་འཚེ་གང་ཡང་བཏང་མེད་ན།

     རྒྱུ་མཚན་མེད་པར་ཁོ་དང་ཁ་རྩོད་རྒྱག་མི་ཆོག

31 དྲག་ཤུགས་བེད་སྤྱོད་གཏོང་མཁན་ལ་ཡིད་སྨོན་སྐྱེད་མི་ཆོག

     ཁོའི་བྱེད་སྟངས་གང་ཡང་འདམ་མི་ཆོག

32 ཡ་ཧོ་ཝཱས་གཡོ་སྒྱུ་ཅན་ལ་ཞེ་སྡང་གནང་།

     འོན་ཀྱང་ཁོང་གིས་མི་དྲང་པོ་རྣམས་དང་སྙིང་ཉེ་བའི་གྲོགས་པོ་སྒྲིག

33 མི་ངན་གྱི་ཁང་པ་ལ་ཡ་ཧོ་ཝཱའི་ཆགས་སྒོ་འབབ།

     འོན་ཀྱང་ཁོང་གིས་དྲང་བདེན་གྱི་མིའི་ཁང་པ་ལ་བདེ་ལེགས་སྤེལ།

34 དཀོན་མཆོག་གིས་འཕྱ་ལད་རྒྱག་མཁན་ལ་འཕྱ་སྨོད་གནང་།

     འོན་ཀྱང་ཁོང་མི་སྙེམས་ཆུང་ལ་ཐུགས་མཉེས།

35 ཤེས་རབ་ཅན་ལ་མཚན་སྙན་འཐོབ་ཀྱང་།

     གླེན་པ་རྣམས་ཀྱིས་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་ལ་སྤོབས་པ་སྐྱེད།