ལེགས་བཤད་ལེའུ་བཞི་པ།
Proverbs 4
1 ངའི་བུ་ཕྲུག་རྣམས། ཁྱོད་ཚོའི་ཕ་ཡི་སློབ་གསོ་དང་ལེན་བྱེད་དང་།
གོ་རྟོགས་ནུས་རྩལ་འཐོབ་པའི་ཆེད་དུ་དོ་སྣང་བྱེད་དང་།
2 ངས་ཁྱོད་ཚོར་ཁྲིད་སྟོན་ལེགས་པ་སྤྲོད།
ངའི་བསླབ་བྱ་འདོར་མི་ཆོག
3 ང་ནི་ངའི་ཕ་ཡི་བུ་ཡག་པོ་ཞིག་ཡིན་པ་དང་།
ཨ་མས་ལྷག་པར་བརྩེ་བའི་བུ་ཡིན།
4 ཕ་ཡིས་ང་ལ་སློབ་གསོ་གནང་ནས་གསུངས་པར། “ངའི་བཤད་པ་ལ་སེམས་གཏིང་ནས་ཉོན་དང་།
ངའི་ཁ་ལ་ཉན་ནས་གསོན་པོར་གནས་ཤིག
5 ཤེས་རབ་དང་གོ་རྟོགས་ཀྱི་ནུས་རྩལ་འཐོབ་དགོས།
མ་བརྗེད་པ་བྱེད་དང་། ངས་བཤད་པ་བརྩི་མེད་དུ་སྐྱུར་མི་ཆོག
6 ཁྱོད་ཀྱིས་ཤེས་རབ་འདོར་མི་ཆོག ཤེས་རབ་ཀྱིས་ཁྱོད་སྐྱོབ།
དེར་བརྩེ་བ་བྱེད་དགོས། དེས་ཁྱོད་སྲུང་སྐྱོབ་བྱེད།
7 ཤེས་རབ་ནི་གལ་ཆེ་ཤོས་ཡིན་པས་ཤེས་རབ་དོན་གཉེར་བྱེད་དགོས།
ཁྱོད་ལ་ཐོབ་པ་ཚང་མ་བེད་སྤྱོད་བཏང་ནས་གོ་རྟོགས་ནུས་རྩལ་དོན་གཉེར་བྱེད་དགོས།
8 ཤེས་རབ་ལ་བརྩི་མཐོང་བྱེད་དགོས། ཁྱོད་ལ་བསྔག་བརྗོད་འཐོབ།
ཁྱོད་ཀྱིས་དེ་དམ་པོར་བཟུང་བས་ཁྱོད་ལ་གཟི་བརྗིད་འཐོབ།
9 དེས་ཁྱོད་ཀྱི་མགོ་སྟེང་ཏུ་མེ་ཏོག་གི་རྒྱན་ཆ་སྙིང་རྗེ་པོ་སྐོན།
དབུ་རྒྱན་མཛེས་པོ་ཞིག་ཁྱོད་ལ་སྤྲོད།
10 ངའི་བུ། ངའི་ཁ་ལ་ཉོན་ཞིག ངས་བཤད་པ་དང་ལེན་བྱས་ན།
ཁྱོད་ཀྱིས་མི་ཚེ་རིང་པོ་སྐྱེལ་ཐུབ།
11 ངས་ཁྱོད་ལ་ཤེས་རབ་ཀྱི་ལམ་ཐོག་ཏུ་ཁྲིད་སྟོན་བྱེད།
དྲང་པོ་དྲང་གཞག་གི་ལམ་ཐོག་ཏུ་འཁྲིད།
12 ཁྱོད་འགྲོ་སྐབས་ཁྱོད་ཀྱི་གོམ་པ་ལ་བཀག་འགོག་མི་ཐེབས།
རྒྱུགས་ན་ཡང་འགྱེལ་མི་སྲིད།
13 ཁྱོད་ཀྱི་སྦྱོང་བརྡར་དམ་འཛིན་བྱས་ནས་ཤོར་མི་ཆོག
དེར་བརྩི་སྲུང་བྱེད་དགོས། དེ་ཁྱོད་ཀྱི་ཚེ་སྲོག་དང་འབྲེལ་བ་ཡོད།
14 མི་ངན་གྱི་འགྲོ་ལམ་དུ་འཛུལ་མི་ཆོག
མི་ངན་པའི་ལམ་ཐོག་ཏུ་འགྲོ་མི་ཆོག
15 དེར་གཡོལ་ཞིག ལམ་དེར་མ་འཛུལ་ཞིག
ཁ་ཕྱོགས་བསྒྱུར་ནས་ཕར་རྒྱུགས་ཞིག
16 ཁོ་ཚོ་ལས་ཀ་ངན་པ་མ་བྱས་ན་གཉིད་ཁུག་མི་ཐུབ།
མི་ལ་གནོད་འཚེ་མ་བཏང་ན་གཉིད་ཡེར།
17 ཁོ་ཚོས་སྦྱོད་ངན་གྱི་བག་ལེབ་ཟ།
ཁོ་ཚོས་དྲག་ཤུགས་ཀྱི་ཨ་རག་འཐུང་།
18 འོན་ཀྱང་དྲང་བདེན་གྱི་མིའི་འགྲོ་ལམ་ནི་ཐོ་རེངས་ཀྱི་འོད་དང་འདྲ།
འོད་དེ་ཉིན་དགུང་བར་དུ་གསལ་དུ་འགྲོ།
19 མི་ངན་གྱི་ལམ་ཁ་ནི་མུན་ནག་དང་འདྲ།
ཁོ་ཚོས་རང་ཉིད་འགྱེལ་བའི་རྒྱུ་མཚན་མི་ཤེས།
20 ངའི་བུ། ཁྱོད་ཀྱིས་ངའི་བཤད་པ་ལ་དོ་སྣང་བྱེད་དགོས།
གཟབ་ནན་གྱིས་ངའི་ཁ་ལ་ཉོན་དང་།
21 ངའི་བཀའ་མོལ་བརྗེད་མི་ཆོག
སེམས་ནང་དུ་གཞག་དགོས།
22 ངའི་གཏམ་ཧ་གོ་བའི་མི་ལ་ཚེ་སྲོག་འཐོབ།
ཁོ་ཚོའི་ལུས་པོ་ཧྲིལ་པོ་བདེ་ཐང་ཡོང་།
23 གཞན་ཐམས་ཅད་ལས་ལྷག་པར་ཁྱོད་ཀྱི་སེམས་སྲུངས་ཞིག
གང་ཡིན་ཟེར་ན་དེ་ནི་ཚེ་སྲོག་གི་འབྱུང་འཁུང་ཡིན།
24 དྲང་པོ་མིན་པའི་སྐད་ཆ་སྤོངས་ཤིག
གཡོ་ཟོལ་གྱི་སྐད་ཆ་དང་རྒྱང་རིང་དུ་བྲལ་ཞིག
25 ཁྱོད་ཀྱི་མིག་ཤར་ཀྱག་མདུན་ཕྱོགས་སུ་ལྟ་དགོས།
ཁྱོད་ཀྱི་མིག་ཟུང་ཐད་ཀར་མདུན་ཕྱོགས་སུ་གཏོད་ཅིག
26 ཁྱོད་ཀྱི་འགྲོ་ལམ་ཁོད་སྙོམས་པོར་བཟོས་ཤིག
ཁྱོད་ཀྱིས་ལམ་ཁ་ཧྲིལ་པོར་གོམ་པ་བརྟེན་པོ་རྒྱག་ཐུབ།
27 གཡས་ཕྱོགས་སམ་གཡོན་ཕྱོགས་སུ་སྤོ་མི་ཆོག
ཁྱོད་ཀྱི་རྐང་པ་སྤྱོད་པ་ངན་པ་དང་རྒྱང་རིང་དུ་བྲལ་དགོས།



