ལེགས་བཤད་ལེའུ་ལྔ་པ།
Proverbs 5
1 ངའི་བུ། ཁྱོད་ཀྱིས་ངའི་ཤེས་རབ་ལ་དོ་སྣང་བྱེད་དགོས།
དབྱེ་ཞིབ་ཀྱི་ནུས་རྩལ་གྱི་སྐོར་ངའི་བསླབ་བྱ་ལ་གཟབ་ནན་གྱིས་ཉོན་དང་།
2 དེ་ལྟར་བྱས་ན་བསམ་བློ་གཏོང་བའི་ནུས་རྩལ་སྲུང་ཐུབ།
དུས་རྟག་ཏུ་ཤེས་ཡོན་ལ་བརྟེན་ནས་སྐད་ཆ་བཤད་ཐུབ།
3 ཚུལ་མིན་གྱི་བུད་མེད་ཀྱི་མཆུ་ཏོ་ནི་སྦྲང་རྩིའི་ཐིགས་པ་རྒྱག་པ་ལྟར་ཡིན།
ཁོ་མོའི་སྐད་ཆ་ནི་སྣུམ་ལས་འཇམ་པོ་ཡོད།
4 འོན་ཀྱང་མཐའ་མར་ཁོ་མོ་མཁན་པའི་ལོ་མ་ལྟར་ཁ་ཏིག་ཡོད་པ་དང་།
རལ་གྲི་ཁ་གཉིས་པོ་ལྟར་རྣོ།
5 ཁོ་མོའི་རྐང་པ་གཉིས་ཤི་བ་ལ་མར་འབབ།
ཁོ་མོའི་གོམ་པ་ཐད་ཀར་དུར་སར་སླེབ།
6 ཁོ་མོས་ཚེ་སྲོག་གི་འགྲོ་ལམ་གྱི་སྐོར་བསམ་བློ་རྩ་བ་ནས་མི་གཏོང་།
ཕར་ཚུར་འཁྱམས་ཀྱང་ཁ་པར་འབྱོར་བ་མི་ཤེས།
7 ངའི་བུ་ཕྲུག་རྣམས། ད་ཁྱོད་ཚོས་ངའི་ཁ་ལ་ཉོན་དང་།
ངས་བཤད་པ་བརྩི་མེད་དུ་སྐྱུར་མི་ཆོག
8 ཁོ་མོ་དང་རྒྱང་རིང་དུ་བྲལ་དགོས།
ཁོ་མོའི་ཁང་པའི་སྒོ་འགྲམ་ལ་འགྲོ་མི་ཆོག
9 ཁྱོད་ཀྱི་མཚན་སྙན་མི་གཞན་ལ་ཐོབ་ནས་
ཁྱོད་ཀྱིས་ཉམ་ཐག་པའི་མི་ཚེ་མི་སྐྱེལ་བའི་ཆེད་དུ།
10 ཕྱི་མི་གིས་ཁྱོད་ཀྱི་རྒྱུ་ནོར་བེད་སྤྱོད་བཏང་ཚར་ནས་
ཁྱོད་ཀྱིས་དཀའ་ལས་བརྒྱབ་ནས་ཐོབ་པའི་དངོས་པོ་ཕྱི་རྒྱལ་མི་གི་ཁང་པ་ལ་མི་བདག་པའི་ཆེད་དུ་ཡིན།
11 ཤ་སྐམ་ནས་ལུས་ཤུགས་ཉམས་པའི་མི་ཚེའི་མཐའ་མར་
ཁྱོད་ཀྱིས་སྡུག་སྐད་རྒྱག་ཡོང་།
12 དེ་ནས་ཁྱོད་ཀྱིས་བཤད། “ངས་བསླབ་བྱ་ལ་སུན་སྣང་ག་ཚོད་སྐྱེད་པ།
ངའི་སེམས་ཀྱིས་སྐྱོན་བརྗོད་ལ་བརྩི་མེད་གང་འདྲ་བཏང་སོང་།
13 ངས་སློབ་སྟོན་པའི་བསླབ་བྱ་ལ་མ་ཉན།
དགེ་རྒན་གྱིས་སློབ་སྟོན་ལ་དོ་སྣང་མ་བྱས།
14 ཆོས་ཚོགས་ཀྱི་མི་ཚང་མའི་མདུན་དུ་
ངའི་མི་ཚེ་འཕྲོ་བརླག་ཕྱིན་ཚར་གྲབས་འདུག”
15 ཁྱོད་ཀྱིས་རང་ཉིད་ཀྱི་ཆུ་མཛོད་ནས་ཆུ་འཐུངས་ཞིག
རང་ཉིད་ཀྱི་ཁྲོན་པ་ནས་འཐོན་པའི་ཆུ་འཐུངས་ཞིག
16 ཁྱོད་ཀྱི་ཆུ་མིག་གི་ཆུ་ཕྱི་ལོགས་ལ་གཏོར་ཆོག་གམ།
ཁྱོད་ཀྱི་རྒྱུག་ཆུ་ཐང་ཆེན་ལ་གཏོར་ཆོག་གམ།
17 དེ་ཁྱོད་གཅིག་པོར་བདག་པ་ལས་
ཕྱི་མི་དང་མཉམ་སྤྱོད་བྱེད་མི་ཆོག
18 ཁྱོད་ཀྱི་ཆུ་མིག་ལ་བདེ་ལེགས་འཕེལ་བར་ཤོག
ཁྱོད་གཞོན་དུས་ལེན་པའི་ཆུང་མ་དང་མཉམ་དུ་དགའ་སྤྲོ་སྐྱེ་ཞིག
19 ཁོ་མོ་ཤ་ཚ་བའི་ཤྭ་བ་མོ་དང་གནའ་བ་མཛེས་པོ་ལྟར་ཡིན།
ཁྱོད་རྟག་ཏུ་ཁོ་མོའི་ནུ་མ་ལ་ཡིད་ཚིམ་པར་ཤོག
ཁོ་མོའི་བརྩེ་གདུང་གིས་དུས་རྟག་ཏུ་ཁྱོད་ཀྱི་ཡིད་དབང་འཕྲོག་པར་ཤོག
20 ངའི་བུ། ཚུལ་མིན་བུད་མེད་ལ་སེམས་པ་ཤོར་ཆོག་གམ།
ཁྱོད་ཀྱིས་བུད་མེད་ཀུན་སྤྱོད་ངན་པ་ཞིག་འཐམ་ཆོག་གམ།
21 མིའི་ལམ་ཁ་ཐམས་ཅད་ཡ་ཧོ་ཝཱའི་མདུན་དུ་ཡོད།
ཁོང་གིས་མིའི་འགྲོ་ལམ་ཐམས་ཅད་རྟག་དཔྱད་གནང་།
22 མི་ངན་ནི་རང་ཉིད་ཀྱི་ནོར་འཁྲུལ་གྱིས་རྐྱེན་པས་རྙི་ལ་ཚུད།
རང་ཉིད་ཀྱི་སྡིག་པའི་འཆིང་ཐག་ནས་ཐར་ཐབས་མེད།
23 ཁོ་བསླབ་བྱ་ལ་མ་ཉན་པས་ཚེ་སྲོག་ཤོར།
ཧ་ཅང་བླུན་རྨོངས་ཡིན་པས་ལམ་ནོར་ཐེབས།



