ལེགས་བཤད་ལེའུ་དྲུག་པ།
Proverbs 6
1 ངའི་བུ། གལ་སྲིད་ཁྱོད་ཀྱིས་ཁྱིམ་མཚེས་ཀྱི་ཆེད་དུ་ཁག་ཐེག་བྱས་ན།
གལ་སྲད་ཁྱོད་ཀྱིས་ཕྱི་མི་དང་ལག་པ་བཏང་ནས་གན་རྒྱ་བཞག་པ་ཡིན་ན།
2 གལ་སྲིད་རང་ཉིད་ཀྱི་ཁ་ཆད་ཀྱི་རྐྱེན་པས་རྙི་ལ་ཚུད་སོང་ན།
རང་ཉིད་ཀྱི་ཁ་ནས་བདོན་པའི་སྐད་ཆ་ནས་ཐར་ཐབས་མེད་པར་གྱུར་ན།
3 ངའི་བུ། ཁྱོད་ཀྱིས་འདི་ལྟར་བྱས་ནས་རང་ཉིད་སྐྱོབས་ཤིག
ཁྱོད་ཁྱིམ་མཚེས་ཀྱི་ལག་ཏུ་ཚུད་པ་རེད།
མི་དེ་བཙལ་ནས་དམའ་ས་བཟུང་ཞིང་མགྱོགས་མྱུར་སྐྱབས་འཇུག་ཞུས་ཤིག
4 ཁྱོད་ཀྱིས་མིག་བཙུམས་ནས་གཉིད་ཁུག་མི་ཆོག
མིག་ལྕིབས་བཙུམས་ནས་གཉིད་དུ་ཤོར་མི་ཆོག
5 རྔོན་པའི་ལག་པ་ནས་བྲོས་པའི་གཙོད་ལྟར།
བྱ་བྱིའུ་འཛིན་མཁན་གྱི་ལག་པ་ནས་ཐར་བའི་བྱ་ལྟར་བྲོས་ཤིག
6 ལེ་ལོ་ཅན་ཁྱོད། གྲོག་མ་ལ་ལྟོས་ཤིག
དེ་ཚོའི་བྱེད་སྟངས་ལ་བལྟས་ནས་ཤེས་རབ་འཐོབ་དགོས།
7 གྲོག་མ་ལ་དམག་དཔོན་དང་དཔོན་པོ་དབང་སྒྱུར་མཁན་བཅས་མེད་ན་ཡང་།
8 དབྱར་ཁའི་དུས་སུ་བཟའ་ཆས་གྲ་སྒྲིག་བྱེད།
ལོ་རྟོག་བརྔ་བསྡུ་བའི་སྐབས་སུ་ཟས་རིགས་བསྡུ།
9 མི་ལེ་ལོ་ཅན། ཁྱོད་ག་དུས་བར་དུ་ཉལ་བསྡད་དམ།
ག་དུས་ཡར་ལང་ངམ།
10 ཏོག་ཙམ་ཉལ། ཏོག་ཙམ་གཉིད་ཁུག
ཡང་ཏོག་ཙམ་ལག་པ་འཐམས་ནས་ངལ་གསོ་རྒྱག
11 དེ་ནས་ཁྱོད་ལ་དབུལ་ཕོངས་ཀྱི་གནས་བབ་ཆོམ་རྐུན་ལྟར།
ཉམས་ཐག་པའི་གནས་ཚུལ་ཇག་པ་ལྟར་ཡོང་།
12 ཕན་མེད་པའི་མི་ངན་གྱིས་ཕར་ཚུར་འགྲོ་བཞིན་གཡོ་སྒྱུ་ཚ་བའི་སྐད་ཆ་བཤད།
13 མིག་བརྡ་གཏོང་ཞིང་རྐང་པ་དང་མཛུབ་མོས་བརྡ་གཏོང་།
14 ཁོའི་སེམས་པ་ནག་པོ་ཡིན་ལ།
དུས་རྟག་ཏུ་འཆར་གཞི་ངན་པ་འདིང་ནས་གང་སར་ཟིང་འཁྲུག་སློང་བས།
15 གློ་བུར་དུ་ཁོ་ལ་རྐྱེན་ངན་འབྱུང་།
ཁྱུག་ཙམ་རྗེས་སུ་རྡུང་རྡེག་ཕོག་ནས་བཅོས་ཐབས་མེད།
16 ཡ་ཧོ་ཝཱས་སྡང་བའི་དོན་དག་དྲུག་ཡོད།
ཁོང་གིས་ཤིང་ཏུ་སྡང་བའི་དོན་དག་བདུན་ཡོད།
17 ང་རྒྱལ་ཚ་བའི་མིག་དང་། སྐྱགས་རྫུན་བཤད་པའི་ལྕེ། ནག་ཉེས་མེད་པའི་མི་གསོད་པའི་ལག་པ།
18 འཆར་གཞི་ངན་པ་འདིང་བའི་སེམས། མགྱོགས་པོ་སྤྱོད་ངན་བྱེད་པར་རྒྱུགས་པའི་རྐང་པ།
19 རྗུན་གཏམ་རྐྱང་རྐྱང་བཤད་པའི་དཔང་པོ། སྤུན་ཟླའི་ཁྲོད་དུ་རྩོད་གཞི་སློང་བའི་མི་བཅས་ཡིན།
20 ངའི་བུ། ཁྱོད་ཀྱི་ཕ་ཡི་བཀའ་བརྩི་སྲུང་བྱེད་དགོས།
ཨ་མའི་བསླབ་བྱ་འདོར་མི་ཆོག
21 དེ་ཚོ་ནམ་ཡང་ཁྱོད་ཀྱི་སེམས་ལ་བཅིངས་ནས་སྐེ་ལ་བཏགས་དགོས།
22 ཁྱོད་འགྲོ་སྐབས་དེ་ཡིས་ཁྱོད་ལ་ཁྲིད་སྟོན་བྱེད།
ཁྱོད་ཉལ་སྐབས་དེ་ཡིས་ཁྱོད་ལ་སྲུང་སྐྱོབ་བྱེད།
གཉིད་སད་སྐབས་དེ་ཡིས་ཁྱོད་ལ་བསླབ་བྱ་རྒྱག
23 བཀའ་ནི་སྒྲོན་མེ་ཡིན། ཁྲིམས་ནི་འོད་ཟེར་ཡིན།
སྦྱོང་བརྡར་སྤྲོད་པའི་སྐྱོན་བརྗོད་ནི་ཚེ་སྲོག་གི་ལམ་ཁ་ཡིན།
24 དེ་ཚོས་བུད་མེད་ངན་པ་དང་།
ཚུལ་མིན་བུད་མེད་ཀྱི་ཁ་མཁས་པའི་སླུ་ཁྲིད་ནས་ཁྱོད་སྲུང་སྐྱོབ་བྱེད།
25 ཁོ་མོའི་མཛེས་སྡུག་ལ་སེམས་ཆགས་མི་ཆོག
བུད་མེད་དེའི་མིག་གི་སླུ་ཁྲིད་ལ་སེམས་པ་ཤོར་མི་ཆོག
26 སྨད་འཚོང་མའི་རྐྱེན་གྱིས་མི་ཡིས་བག་ལེབ་གཅིག་ལས་མེད་པའི་འཚོ་བ་སྐྱེལ།
འོན་ཀྱང་ཁྱོ་ག་ཡོད་པའི་སྐྱེ་དམན་གྱིས་རྩ་ཆེ་བའི་ཚེ་སྲོག་ཡང་རྔོན་རྒྱག
27 བྲང་ཁར་མེ་ལེན་ན་ཡང་གྱོན་ཆས་ལ་མེ་མི་འབར་རམ།
28 སོལ་བ་ཚ་པོའི་སྒང་ལ་གོམ་པ་བརྒྱབ་ན་ཡང་རྐང་པ་མི་འཚིག་གམ།
29 མི་གཞན་གྱི་ཆུང་མ་དང་འབྲེལ་བ་བྱེད་པའི་མི་ཡང་དེ་ལྟར་ཡིན།
མི་སུས་ཀྱང་ཁོ་མོ་ལ་ལག་པ་བཅངས་ན་ངེས་པར་དུ་ཉེས་ཆད་ཕོག
30 རྐུན་མ་ཞིག་གིས་གྲོད་ཁོག་ལྟོགས་པས་རྐུན་མ་བརྐུས་ན་ཡང་།
མི་རྣམས་ཀྱིས་ཁོ་ལ་མཐོང་ཆུང་མི་བྱེད།
31 འོན་ཀྱང་མིས་མཐོང་སོང་ན་རྐུན་མ་དེས་གུན་གསབ་ལྡབ་བདུན་འཇལ་དགོས་ལ།
ཁོའི་ཁང་པ་ནང་ནས་རྩ་ཆེ་བའི་དངོས་པོ་ཚང་མ་སྤྲོད།
32 བུད་མེད་དང་འགབ་མཐུན་བྱེད་མཁན་ནི་རྨོངས་པ་ཡིན།
མི་དེས་མི་ཚེ་གཅིག་གཏོར་བརླག་གཏོང་།
33 ཁོ་ལ་རྨས་སྐྱོན་དང་མཚན་སྙན་བརླགས་པ་མ་གཏོགས་གང་ཡང་མེད།
ངོ་ཚ་ནམ་ཡང་སེལ་ཐབས་མེད།
34 ཁྱོ་ག་ཕྲག་དོག་གིས་ཁོང་ཁྲོ་མེ་ལྟར་འབར།
དགྲ་ཤ་ལེན་སྐབས་ཁོས་སྙིང་རྗེ་རྩ་བ་ནས་མི་སྐྱེད།
35 ཁོས་གུན་གསབ་གང་ཡང་དང་ལེན་མི་བྱེད།
ལག་རྟགས་གོང་ཆེན་པོ་ག་ཚོད་སྤྲད་ན་ཡང་ཁོའི་ཁོང་ཁྲོ་ཞི་ཐབས་མེད།



