ལེགས་བཤད་ལེའུ་བདུན་པ།
Proverbs 7
1 ངའི་བུ། ངའི་ཁ་ལ་ཉོན་དང་།
ངའི་བཀའ་ལ་གཅེས་སྤྲས་བྱེད་དགོས།
2 ངའི་བཀའ་སྲུང་ནས་གསོན་པོར་གནས་ཤིག
ངའི་བསླབ་བྱ་མིག་གི་རྒྱལ་མོ་ལྟར་སྲུང་དགོས།
3 དེ་ཚོ་མཛུབ་མོར་བཏགས་ཤིག
དེ་ཚོ་སྙིང་ལ་བཀོད་དགོས།
4 ཤེས་རབ་ལ་“ཁྱེད་ངའི་བུ་མོ་སྤུན་ཡིན”ཞེས་ཤོད་དང་།
གོ་རྟོགས་ནུས་རྩལ་ལ་“ངའི་གཉེན་ཉེ” ཞེས་བོས་ཤིག
5 དེ་ཚོས་ཁྱོད་སྲུང་ནས་ཚུལ་མིན་བུད་མེད་དང་།
ཀུན་སྤྱོད་ངན་པའི་བུད་མེད་ཀྱི་ཁ་མཁས་པའི་སླུ་ཁྲིད་ནས་སྐྱོབ།
6 ངས་ཁང་པའི་སྒེའུ་ཁུང་ནས།
སྒེའུ་ཁུང་གི་དྲ་མིག་བརྒྱུད་ནས་མར་བལྟས་པ་ཡིན།
7 ངས་ཉམས་མྱོང་མེད་པའི་མི་རྣམས་ལ་ལྟ་ཞིབ་བྱས་ནས།
གཞོན་ནུའི་ཁྲོད་དུ་གཞོན་པ་རྨོངས་པ་ཞིག་ལ་དོ་སྣང་བྱུང་།
8 ཁོ་བུད་མེད་ཅིག་གི་སྡོད་སའི་ཉེ་འགྲམ་གྱི་ལམ་མདོ་བརྒྱུད་ནས།
ཁོ་མོའི་ཁང་པའི་ཕྱོགས་སུ་གོམ་པ་རྒྱག
9 ས་སྲོད་དུས་ཀྱི་དགོང་མོར།
མཚན་མོ་དང་མུན་ནག་སླེབ་སྐབས།
10 བུད་མེད་ཅིག་ཁོ་དང་ཐུག
སྨད་འཚོང་མ་ལྟ་བུའི་གྱོན་ཆས་གྱོན་ནས་སེམས་ལ་གཡོ་སྒྱུ་བཅངས་ཡོད།
11 བུད་མེད་འདི་རང་ཤེད་ཚ་ཞིང་རྟག་པར་འུར་ཅོར་རྒྱག
ཁོ་མོ་ཁང་པའི་ནང་ལ་རྩ་བ་ནས་བསྡད་མི་འདུག
12 སྐབས་རེ་སྒོ་འགྲམ་ལ་ཡོད་པ་དང་སྐབས་རེ་ཐང་ཆེན་ལ་ཕྱིན།
ལམ་མདོ་རེ་རེའི་ཉེ་འགྲམ་དུ་ལྐོག་ཏུ་སྒུག
13 ཁོ་མོས་གཞོན་ནུ་དེ་འཇུས་ནས་འོ་རྒྱག
ངོ་ཚ་ཁྲེལ་མེད་ངང་ཁོ་ལ་བཤད།
14 “ངས་མཛའ་འབྲེལ་གྱི་དམར་མཆོད་འབུལ་རྒྱུ་ཁས་ལེན་པ་དང་།
དེ་རིང་དམ་བཅའ་དེ་བསྒྲུབས་ཚར་བས།
15 ངས་ཁྱེད་རང་དང་ཐུག་པའི་ཆེད་དུ་ཕྱིར་ཐོན་ནས་བཙལ་བ་ཡིན།
ངས་ཁྱེད་རང་གཞི་ནས་རྙེད་བྱུང་།
16 ངའི་ཉལ་ཁྲི་ལ་ཁེབས་སྙིང་རྗེ་པོ་དང་།
ཨེ་ཇིབ་ཡུལ་གྱི་ཚོན་མདོག་བཀྲ་བའི་རེས་ཞིག་གིས་འགེབས་ཡོད།
17 ཉལ་ཁྲི་སྟེང་དུ་དྲི་ཞིམ་ལྡན་པའི་གུ་གུལ་དང་ཨ་གར་དང་ཤིང་ཚ་བཅས་གཏོར་ཡོད།
18 ཕེབས་དང་། ང་གཉིས་གནམ་མ་ལང་བར་དུ་བརྩེ་བས་བཟི་དགོས།
ང་གཉིས་ཀྱི་བརྩེ་གདུང་ལོངས་སུ་སྤྱོད་དོ།
19 ངའི་ཁྱོ་ག་ཁྱིམ་ལ་མེད།
ཐག་རིང་དུ་འགྲུལ་བཞུད་བྱེད་བཞིན་ཡོད།
20 ཁོང་གིས་དངུལ་ཁུག་ཅིག་ཁྱེར་ནས་ཕྱིན་སོང་།
ཟླ་བ་མ་ཚངས་གོང་ལོག་སླེབ་ཀྱི་མ་རེད”
21 ཁོ་མོས་ཁ་སྙན་པོ་བཤད་ནས་ཁོ་ལ་མགོ་སྐོར་གཏོང་།
ཁ་མཁས་པོས་ཁོ་ལ་སླུ་ཁྲིད་བྱེད།
22 གློ་བུར་དུ་ཁོ་བུད་མེད་དེའི་རྗེས་སུ་འགྲོ། བཤས་གཏོང་བའི་ཆེད་དུ་འཁྲིད་པའི་གླང་གོག་ལྟར།
ལྕགས་སྒྲོག་བརྒྱབ་ནས་ཉེས་ཆད་ཕོག་པའི་གླེན་པ་ལྟར།
23 མཐའ་མར་ཁོའི་མཆིན་པར་མདའ་ཕོག
རྙི་ལ་མཆོང་བའི་བྱ་བྱིའུ་ལྟར་ཁོས་རང་ཉིད་ཀྱི་ཚེ་སྲོག་ཤོར་བ་མི་ཤེས།
24 ངའི་བུ་ཕྲུག་རྣམས། ད་ངའི་ཁ་ལ་ཉོན་དང་།
ངའི་བཤད་པ་ལ་དོ་སྣང་བྱེད་དང་།
25 ཁྱོད་ཀྱི་སེམས་བུད་མེད་དེའི་ལམ་ཁར་མ་འགྲོ་བ་བྱེད་དགོས།
ཁོ་མོའི་འགྲོ་ལམ་དུ་འགྲོ་མི་ཆོག
26 ཁོ་མོའི་རྐྱེན་པས་མི་མང་པོས་ཚེ་སྲོག་ཤོར།
ཁོ་མོས་མི་གྲངས་མེད་བསད།
27 ཁོ་མོའི་ཁང་པར་འཛུལ་ན་དུར་སར་སླེབ།
ཤི་བའི་གཟིམ་ཆུང་ལ་མར་འབབ།



