ལེགས་བཤད་ལེའུ་བརྒྱད་པ།

Proverbs 8


1 ཤེས་རབ་ཀྱིས་མི་ལ་འབོད་བཞིན་མེད་དམ།

     དབྱེ་ཞིབ་ཀྱི་ནུས་རྩལ་གིས་འབོད་སྐད་རྒྱག་བཞིན་མེད་དམ།

2 དེ་ལམ་ཁའི་འགྲམ་གྱི་མཐོ་ས་དང་བཞི་མདོ་ཁ་ལ་ལངས་འདུག

3 གྲོང་ཁྱེར་གྱི་རྒྱ་སྒོའི་འགྲམ་དང་། གྲོང་ཁྱེར་ལ་འཛུལ་སའི་འཁྲིས་ནས་རྒྱུན་ཆད་མེད་པར་སྐད་ཤུགས་ཆེན་པོས་བཤད།

4 “ངས་ཁྱོད་ཚོར་འབོད་བཞིན་ཡོད།

     ངས་མི་ཐམས་ཅད་ལ་འབོད་སྐུལ་བྱེད།

5 ཁྱོད་ཚོ་ཉམས་མྱོང་མེད་པའི་མི་རྣམས། སྤྱང་གྲུང་ལྡན་པའི་བྱ་བ་བྱེད་སྟངས་སྦྱོངས་དང་།

     གླེན་པ་རྣམས། སེམས་ལ་གོ་རྟོགས་ནུས་རྩལ་འཐོབ་དགོས།

6 ཉོན་ཞིག ངའི་བཤད་པ་གལ་ཆེན་པོ་ཡིན་ལ།

     ངའི་མཆུ་ཏོ་ནས་འཐོན་པའི་གཏམ་བདེན་པ་ཡིན།

7 ངའི་ཁ་ཡིས་འཇམ་པོའི་ངང་བདེན་དོན་བཤད།

     ངའི་མཆུ་ཏོ་ནི་ངན་པ་ལ་སྡང་།

8 ངའི་ཁ་ནས་འཐོན་པའི་སྐད་ཆ་ཐམས་ཅད་དྲང་བདེན་ཡིན།

     གཡོ་སྒྱུ་མགོ་སྐོར་སྤུ་ཙམ་མེད།

9 དབྱེ་ཞིབ་ཀྱི་ནུས་རྩལ་ཡོད་པའི་མི་ལ་ངས་བཤད་པའི་གཏམ་ཚང་མ་གསལ་པོ་ཡིན།

     ཤེས་ཡོན་རྙེད་པའི་མི་ཡིས་དེ་ཚོ་ཡང་དག་པར་བརྩི།

10 དངུལ་ལས་ངའི་སྤྲོད་པའི་སྦྱོང་བརྡར་དང་ལེན་བྱེད་དང་།

     སྤུས་ཀ་ལེགས་ཤོས་ཀྱི་གསེར་ལས་ཤེས་ཡོན་འདམ་དགོས།

11 ཤེས་རབ་ནི་བྱུར་རུ་ལས་ལེགས་པ་དང་།

     ཁྱོད་ཀྱི་བློ་ལ་འབབ་པའི་དངོས་པོ་གང་ཞིག་ཀྱང་ང་དང་སྡུར་མི་ཐུབ།

12 ང་ནི་ཤེས་རབ་ཡིན། ང་སྤྱང་གྲུང་དང་མཉམ་དུ་སྡོད།

     ང་ལ་ཤེས་ཡོན་དང་བསམ་བློ་གཏོང་བའི་ནུས་རྩལ་ཐོབ་བྱུང་།

13 ཡ་ཧོ་ཝཱ་ལ་གུས་བརྩི་ཞུ་བ་ནི་ངན་པ་ལ་སྡང་བ་དང་མཚུངས།

     ངས་ཁེངས་དྲེགས་དང་ང་རྒྱལ། ལམ་ཁ་ངན་པ། རྫུན་གཏམ་བཅས་ལ་སྡང་།

14 ང་ལ་བསླབ་བྱ་བཟང་པོ་དང་ཕན་ཐོགས་པའི་ཤེས་རབ་ཡོད།

     ང་ལ་གོ་རྟོགས་ནུས་རྩལ་དང་ནུས་སྟོབས་ཡོད།

15 རྒྱལ་པོ་རྣམས་ཀྱིས་ང་ལ་བརྟེན་ནས་དབང་སྒྱུར་བྱེད།

     བློ་དཔོན་རྣམས་ཀྱིས་ང་ལ་བརྟེན་ནས་དྲང་བདེན་གྱི་བཀའ་ཁྲིམས་ཁྱབ་བསྒྲགས་བྱེད།

16 གཙོ་འཛིན་རྣམས་ཀྱིས་ང་ལ་བརྟེན་ནས་དབང་སྒྱུར་བྱེད།

     མི་དྲག་རྣམས་ཀྱིས་ང་ལ་བརྟན་ནས་དྲང་བདེན་གྱི་འདྲི་གཅོད་བྱེད།

17 ང་ལ་དགའ་པོ་ཡོད་པའི་མི་རྣམས་ལ་ང་ཡང་དགའ་པོ་བྱེད།

     ང་འཚོལ་མཁན་ལ་ངེས་པར་དུ་ང་རྙེད་ཐུབ།

18 རྒྱུ་ནོར་དང་གཟི་བརྗིད་ནི་ང་དང་མཉམ་དུ་ཡོད།

     འཇིག་མི་སྲིད་པའི་རྒྱུ་ནོར་དང་དྲང་བདེན་ཡང་ང་དང་མཉམ་དུ་ཡོད།

19 ངའི་འབྲས་བུ་གསེར་ལས་ལེགས། གསེར་བཙོ་མ་ལས་བཟང་།

     ངའི་ཐོན་སྐྱེད་ནི་སྤུས་ལེགས་ཤོས་ཀྱི་དངུལ་ལས་བཟང་།

20 ང་དྲང་བདེན་གྱི་ལམ་ཐོག་ཏུ་འགྲོ།

     དྲང་གཞག་གི་ལམ་ཁའི་དཀྱིལ་དུ་སྐྱོད།

21 ངས་ང་ལ་དགའ་པོ་བྱེད་མཁན་ལ་རྒྱུ་ནོར་སྤྲོད།

     ངས་ཁོ་ཚོའི་མཛོད་ཁང་ཁེང་བར་བྱེད།

22 ཡ་ཧོ་ཝཱས་གསར་སྐྲུན་གྱི་ཐོག་མར་ང་བསྐྲུན།

     གནའ་སྔ་མོའི་ཁིང་གི་སྒྲུབ་འབྲས་ནང་ནས་ང་ནི་སྔ་ཤོས་ཡོན།

23 གནའ་སྔ་མོ་ནས་ཁོང་གིས་ང་བརྟེན་པོར་གནས་སུ་བཅུག

     ཐོག་མ་ནས། ས་གཞི་མ་བྱུང་བའི་སྔོན་གྱི་དུས་རབས་ནས་ཡིན།

24 ད་དུང་ཆུ་བོ་གཏིང་ཟབ་པོ་དང་།

     ཆུ་རྒྱས་པའི་ཆུ་མིག་མེད་པའི་སྐབས་སུ་ང་སྐྱེས།

25 རི་བོ་རྣམས་གནས་ཡུལ་དུ་མ་བསྒྲུབས་གོང་།

     དེའུ་འབུར་མ་བྱུང་བའི་གོང་ང་སྐྱེས་ཡོད།

26 དཀོན་མཆོག་གིས་ད་དུང་ས་གཞི་དང་ས་ཐང་།

     ས་སྟེང་གི་ས་འདམ་དང་པོ་ཡང་མ་བཟོས་པའི་སྐབས།

27 དཀོན་མཆོག་གིས་ནམ་མཁའ་བཀོད་སྒྲིག་གནང་བའི་སྐབས་སུ་ང་དེར་ཡོད།

     ཁོང་གིས་ཆུ་ངོས་ལ་སྙོམས་ཐིག་འཐེན་པའི་སྐབས་སུ།

28 ཁོང་གིས་གནམ་ལ་སྤྲིན་པ་བཞག་པའི་སྐབས་སུ།

     ཆུ་ཁུངས་ཟབ་མོ་བཙུགས་པའི་སྐབས་སུ།

29 རྒྱ་མཚོའི་ཆུ་མཚམས་ལས་མི་རྒལ་པའི་ཆེད་དུ་བཀའ་བཀོད་སྐབས།

     ཁོང་གིས་ས་གཞིའི་རྨང་གཞི་བཏིང་སྐབས།  

30 སྐབས་དེ་དུས་ང་དཀོན་མཆོག་གི་འཁྲིས་སུ་ཡོད་པའི་ཕུལ་བྱུང་གི་བཟོ་དཔོན་ཡིན།

     ཁོང་གིས་ཉིན་ལྟར་ང་ལ་ཧ་ཅང་བརྩེ་བ་གནང་།

     ང་དུས་རྟག་ཏུ་ཁོང་གི་མདུན་དུ་དགའ་ཚོར་སྐྱེས།

31 ང་ཁོང་གིས་བསྐྲུན་པའི་མིའི་གནས་སྡོད་སའི་ས་གཞི་ལ་བལྟས་ནས་དགའ་ཚོར་སྐྱེས།

     ང་མིའི་རིགས་ལ་ཧ་ཅང་བརྩེ་བ་ཡོད།

32 ངའི་བུ་ཕྲུག་རྣམས། ད་ངའི་ཁ་ལ་ཉོན་དང་།

     ངའི་ལམ་ཁ་ཐོག་ཏུ་འགྲོ་མཁན་བདེ་སྐྱིད་དང་ལྡན།

33 ངའི་སྦྱོང་བརྡར་ལག་ལེན་བྱས་ནས་ཤེས་རབ་འཐོབ་དགོས།

     དེ་སྣང་མེད་དུ་གཏོང་མི་ཆོག

34 ཞོགས་ལྟར་སྔ་མོ་ནས་ངའི་སྒོ་འགྲམ་ལ་ཡོང་བ་དང་།

     ཀ་བའི་འཁྲིས་སུ་སྒུག་ནས་

     ངའི་ཁ་ལ་ཉན་མཁན་ནི་བདེ་སྐྱིད་དང་ལྡན།

35 གང་ཡིན་ཟེར་ན་ང་འཚོལ་མཁན་ལ་ཚེ་སྲོག་དང་།

     ཡ་ཧོ་ཝཱའི་རྒྱབ་སྐྱོར་འཐོབ།

36 འོན་ཀྱང་ང་སྣང་མེད་དུ་བཞག་ན་མི་དེས་རང་ཉིད་ལ་གནོད་འཚེ་གཏོང་།

     ང་ལ་སྡང་མཁན་ནི་ཤི་བ་ལ་དགའ་པོ་ཡོད”