ལེགས་བཤད་ལེའུ་སུམ་ཅུ་སོ་གཅིག་པ།
Proverbs 31
1 གཤམ་ནི་རྒྱལ་པོ་ལེ་མུ་ཨེལ་གྱི་གསུང་།
ཁོང་གི་མ་ཡུམ་གྱིས་ཁོང་ལ་སློབ་སྟོན་བྱས་པའི་ཆེད་དུ་བཤད་པའི་གལ་ཆེའི་གཏམ།
2 ངའི་བུ། ངས་ཁྱེད་ལ་གང་བཤད་དགོས་སམ།
ངའི་གྲོད་ཁོག་ནང་ནས་སྐྱེས་པའི་བུ།
ངས་དམ་བཅའ་བཞག་ནས་ཐོབ་པའི་བུ། ངས་གང་བཤད་དགོས་སམ།
3 ཁྱེད་ཀྱི་སྟོབས་ཤུགས་བུད་མེད་ཀྱི་ཆེད་དུ་གཏོང་མི་ཆོག
རྒྱལ་པོའི་དབང་ཆ་བརླག་སྲིད་པའི་སྤྱོད་ལམ་བྱེད་མི་ཆོག
4 ཀྱེ་ལེ་མུ་ཨེལ། རྒྱལ་པོས་ཆང་རག་འཐུང་མི་རུང་།
དེ་རྒྱལ་པོར་འོས་འཚམས་མིན།
དབང་སྒྱུར་པས་“ཨ་རག་ག་པར་ཡོད” ཅེས་བཤད་མི་རུང་།
5 ཆང་རག་བཏུངས་རྗེས་བཅའ་ཁྲིམས་བརྗེད་ནས།
གོ་ས་དམའ་བའི་མི་རྣམས་ཀྱི་གྱོད་ཐག་གཅོད་བྱེད་སྐབས་དཀར་ནག་གོ་ལྡོག་བྱེད་མི་ཆོག
6 ཁྱེད་ཀྱིས་ཤི་གྲབས་ཡོད་པའི་མི་ལ་ཨ་རག་སྤྲོད་དང་།
སེམས་སྡུག་མྱོང་བའི་མི་ལ་ཆང་སྤྲོད་དང་།
7 དེ་ལྟར་བྱས་ན་ཁོ་ཚོས་བཏུངས་ནས་དབུལ་ཕོངས་བརྗེད་ཐུབ།
རང་ཉིད་ཀྱི་རྙོག་དྲ་མ་དྲན་པ་བྱེད་ཐུབ།
8 ཁྱེད་ཀྱིས་ཁ་གྲག་མི་ཐུབ་པའི་མིའི་ཚབ་བྱས་ནས་དག་འབུད་བྱེད་དགོས།
ཚེ་སྲོག་ཤོར་གྲབས་ཡོད་པའི་མི་ཚང་མའི་ཐོབ་ཐང་སྲུང་དགོས།
9 ཁྱེད་ཀྱིས་ཁ་གྲག་ནས་དྲང་བདེན་གྱི་འདྲི་གཅོད་བྱེད་དགོས།
གོ་ས་དམའ་བའི་མི་དང་དབུལ་པོའི་ཐོབ་ཐང་སྲུང་དགོས།
א
10 འཇོན་ཐང་ཅན་གྱི་ཆུང་མ་སུ་ལ་རྙེད་ཐུབ་བམ།
ཁོ་མོའི་རིན་ཐང་ཕྱུ་རུ་ལས་ཧ་ཅང་གིས་ལྷག
ב
11 ཁྱོ་གས་སེམས་གཏིང་ནས་ཁོ་མོ་ལ་བློས་བཀལ།
ཁོའི་དགོས་མཁོ་ཆ་ཚང་འདང་ཡོད།
ג
12 ཁོ་མོས་མི་ཚེ་གཅིག་ཁྱོ་གར་བཟང་པོ་བྱེད་པ་ལས་ངན་པ་མི་བྱེད།
ד
13 བལ་དང་སོ་སྐུད་བཙལ་ནས་རང་ཉིད་ཀྱི་ལག་པ་གཉིད་ཀྱིས་ལས་ཀ་བྱེད།
ה
14 ཁོ་མོ་ནི་ཚོང་པའི་གྲུ་ཚོགས་ལྟར་ཡིན།
ཐག་རིང་ནས་བཟའ་ཆས་སྐྱེལ།
ו
15 གནམ་མ་ལངས་གོང་ཡར་ལངས་ནས་ཁྱིམ་མི་ལ་བཟའ་ཆས་བགོ་བཤའ་རྒྱག
གཡོག་མོ་རྣམས་ལའང་ཐོབ་སྐལ་སྤྲོད།
ז
16 ཁོ་མོས་བསམ་གཞིགས་ཞིབ་ཕྲ་བྱས་ནས་ཞིང་ཁ་ཉོ།
རང་ཉིད་ཀྱིས་བསགས་པའི་དངུལ་བེད་སྤྱད་ནས་རྒུན་འབྲུམ་ཞིང་ཁ་འདེབས།
ח
17 དཀའ་ལས་རྒྱག་པའི་ཆེད་དུ་གྲ་སྒྲིག་བྱེད།
ཤུགས་བརྒྱབ་ནས་ལག་པ་སྒུལ།
ט
18 ཁོ་མོས་རང་གི་ཚོང་ཡག་པོ་ཡོད་པ་ཤེས།
ཁོ་མོའི་སྒྲོན་མེ་མཚན་མོ་ཡང་མི་ཞི།
י
19 ལག་པས་སྐུད་པ་འཁལ་བྱེད་ཀྱི་དབྱུག་ཤིང་ལེན།
འཕང་ལོ་ཡང་འཇུ།
כ
20 ཁོ་མོའི་ལག་པ་གོ་ས་དམའ་བའི་མི་རྣམས་ལ་རོགས་སྐྱོར་བྱེད།
དབུལ་པོ་རྣམས་ལ་ལག་པ་ཤོགས་པོ་བྱེད།
ל
21 གངས་བབ་ནའང་ཁོ་མོས་ཁྱིམ་མིའི་སྐོར་སེམས་ཁྲལ་མི་བྱེད།
གང་ཡིན་ཟེར་ན་ཁོ་ཚོ་ཚང་མ་གྱོན་ཆས་དྲོ་པོ་གོན་ཡོད།
מ
22 ཁོ་མོས་རང་གི་ཉལ་ཁྲིའི་ཁེབས་བཟོ།
ཁོ་མོའི་གྱོན་ཆས་ནི་སོ་རས་དང་བལ་མུ་མེན་གྱིས་བཟོས་ཡོད།
נ
23 ཁོ་མོའི་ཁྱོ་ག་ནི་མིང་གྲགས་ཅན་ཡིན།
གྲོང་ཁྱེར་གྱི་རྒྱ་སྒོའི་འགྲམ་དུ་ས་ཆ་དེའི་རྒན་རབས་དང་མཉམ་དུ་སྡོད།
ס
24 ཁོ་མོས་སོ་རས་ཀྱི་གྱོན་ཆས་བཟོས་ནས་འཚོང་།
ཚོང་པ་ལ་སྐེ་རགས་སྐྱེལ།
ע
25 ནུས་སྟོབས་དང་འོད་མདངས་ནི་ཁོ་མོའི་གྱོན་ཆས་ཡིན།
སེམས་ཤུགས་ཆེན་པོས་མ་འོངས་པར་རྒྱང་ལྟ་བྱེད།
פ
26 ཁོ་མོས་ཤེས་རབ་ལ་བརྟེན་ནས་སྐད་ཆ་བཤད།
ལྩེའི་སྟེང་དུ་བྱམས་བརྩེའི་ཁྲིམས་ལུགས་ཡོད།
צ
27 ཁོ་མོས་ཁྱིམ་ཚང་ནང་གི་ལས་དོན་ལ་ལྟ་རྟོག་བྱེད།
ལས་ཀ་མ་བྱས་པར་ཁ་ལག་ཟ་མི་སྲིད།
ק
28 ཁོ་མོའི་བུ་ཕྲུག་རྣམས་ཡར་ལངས་ནས་ཁོ་མོ་བདེ་སྐྱིད་འདུག་ཅེས་བཤད།
ཁོ་མོའི་ཁྱོ་ག་ཡང་ཡར་ལངས་ནས་ཁོ་མོར་བསྟོད་བསྔགས་གཏོང་།
ר
29 “བུད་མེད་འཇོན་པོ་མང་པོ་ཡོད་ཀྱང་།
ཁྱེད་ཁོ་ཚོ་ཚང་མ་ལས་ལྷག”
ש
30 མཛེས་ཉམས་མི་ལ་མགོ་སྐོར་གཏོང་སྲིད།
རྣམ་པ་མཛེས་པོ་ཡང་འཁྱུག་ཙམ་རྗེས་སུ་ཡལ་སྲིད།
འོན་ཀྱང་ཡ་ཧོ་ཝཱ་ལ་གུས་བརྩི་ཞུ་མཁན་བུད་མེད་ལ་བསྟོད་བསྔགས་འཐོབ།
ת
31 ཁོ་མོས་སྒྲུབ་པའི་དོན་དག་ཚང་མའི་ཆེད་དུ་བྱ་དགའ་སྤྲོད་དང་།
མི་རྣམས་ཀྱིས་གྲོང་ཁྱེར་གྱི་རྒྱ་སྒོའི་འགྲམ་དུ་ཁོ་མོའི་བྱ་སྤྱོད་ལ་བསྟོད་བསྔགས་གཏོང་བར་ཤོག



