ལེགས་བཤད་ལེའུ་སུམ་ཅུ་པ།
Proverbs 30
1 གཤམ་ནི་ཡཱ་ཀེའི་བུ་ཨ་གུར་གྱི་གལ་ཆེ་བའི་འཕྲིན་ཡིག
ཁོང་གིས་ཨི་ཐི་ཨེལ་དང་ཨུ་ཀལ་ལ་བཤད་པའི་བསླབ་བྱ་ཡིན།
2 ང་གཞན་སུ་ཞིག་ལས་ཤེས་ཡོན་མེད་ལ།
མི་དཀྱུས་མའི་གོ་རྟོགས་ཀྱི་ནུས་པ་ཡང་མེད།
3 ངས་ཤེས་རབ་སྦྱངས་མ་བྱུང་།
ང་ལ་ཁྱད་དུ་འཕགས་པའི་དཀོན་མཆོག་གི་ཤེས་ཡོན་མེད།
4 སུས་ནམ་མཁར་ཡར་ཕྱིན་ནས་རྗེས་སུ་མར་བབ་བམ།
སུས་ལག་མཐིལ་གཉིས་ནང་དུ་ལྷགས་པ་སྡུད་མྱོང་ཡོད་དམ།
སུས་གྱོན་ཆས་ནང་དུ་ཆུ་ཐུམ་མྱོང་ཡོད་དམ།
སུས་ས་གཞིའི་མཐའ་མཚམས་གཏན་འཁེལ་བྱས་སམ།
ཁོང་གི་མཚན་དང་ཁོང་གི་བུའི་མཚན་གང་ཡིན།
ཁྱོད་ཀྱིས་ཤེས་སམ།
5 དཀོན་མཆོག་གི་གསུང་ཚང་མ་དྲྭངས་གཙང་ཡིན།
དཀོན་མཆོག་ནི་ཁོང་ལ་འགེགས་སྲུང་འཚོལ་མཁན་གྱི་བུབ་ཡིན།
6 དཀོན་མཆོག་གི་གསུང་ལ་གང་ཡང་སྣོན་མི་ཆོག
དེ་ལྟར་བྱས་ན་དཀོན་མཆོག་གིས་ཁྱོད་ལ་བཀའ་སྐྱོན་གནང་།
ཁྱོད་རྫུན་གཏམ་བཤད་མཁན་ཡིན་པ་མངོན།
7 ཀྱེ་དཀོན་མཆོག་ལགས། ངས་ཁྱེད་ལ་རེ་བ་ཞུ་དགོས་པའི་དོན་དག་གཉིས་ཡོད།
ང་མ་ཤི་གོང་སྒྲུབ་རོགས་གནང་།
8 ང་ལས་རྫུས་མ་དང་རྫུན་གཏམ་གཙང་སེལ་གནང་དང་།
ང་དབུལ་པོ་དང་ཕྱུགས་པོ་གཉིས་ཀར་འགྱུར་མ་བཅུག་དང་།
ངའི་ཐོབ་སྐལ་གྱི་ཟ་ཆས་ཟ་ཐུབ་ན་འགྲིག
9 དེ་འདྲ་ཡིན་ན་ངས་འདོད་བློ་ཁེངས་ནས་ཁྱེད་རང་ངོས་མ་ལེན་པ་བྱེད་མི་སྲིད།
“ཡ་ཧོ་ཝཱ་སུ་ཡིན” ཟེར་མི་ཡོང་།
ཡང་དབུལ་ཕོངས་ཀྱི་རྐྱེན་གྱིས་རྐུན་མ་རྐུས་ནས་ངའི་དཀོན་མཆོག་གི་མཚན་སྙན་ལ་གནོད་མི་སྲིད།
10 བདག་པོའི་མདུན་དུ་ཁོང་གི་ཞབས་ཕྱིའི་སྐོར་སྐུར་འདེབས་བྱེད་མི་ཆོག
དེ་ལྟར་བྱས་ན་ཁྱོད་ལ་དམོད་མོ་ཕོག་ལ་ཁྱོད་ལ་ཉེས་པ་ཡོད་པ་མངོན།
11 ཕ་ལ་དམད་མོ་འདེབས་ཤིང་།
ཨ་མ་ལ་བརྩི་འཇོག་མི་བྱེད་པའི་མི་རབས་ཡོད།
12 རང་ཉིད་དྭངས་གཙང་ཡིན་བསམས་ཀྱང་།
དོན་དངོས་ཐོག་བཙོག་པ་བསལ་མེད་པའི་མི་རབས་ཡོད།
13 ལྟ་བ་ཧ་ཅང་མཐོ་ཞིང་།
མིག་ལམ་དུ་གང་ཡང་མ་བཞག་པའི་མི་རབས་ཡོད།
14 རལ་གྲི་ལྟར་གྱི་སོ་དང་།
བཤན་གྲི་ལྟར་གྱི་མས་ལེ་ལྡན་པའི་མི་རབས་ཡོད།
ཁོ་ཚོས་ས་གཞི་ནས་གོ་ས་དམའ་བའི་མི་རྣམས་དང་།
མིའི་རིགས་ཀྱི་ཁྲོད་ནས་དབུལ་པོ་རྣམས་ཁྱུར་མིད་གཏོང་།
15 སྲིན་བུ་པད་པ་ལ་“ང་ལ་སྤྲོད་དང་། སྤྲོད་དང” ཞེས་བཤད་པའི་བུ་མོ་གཉིས་ཡོད།
འདོད་པ་ཁེངས་རྒྱུ་མེད་པའི་དངོས་པོ་གསུམ་ཡོད།
“འདང་ངེས་འདུག” ཅེས་ནམ་ཡང་མི་བཤད་པ་བཞི་ཡོད།
16 དུར་ས། ཕྲུ་གུ་མི་འཁོར་བའི་མངལ།
ཆུ་མི་འདང་བའི་ས་ཞིང་།
“འདང་སོང” ཞེས་རྩ་བ་ནས་མི་བཤད་པའི་མེ་བཅས་ཡིན།
17 མི་ཞིག་གིས་ཕ་ལ་འཕྱ་སྨོད་བཏང་བ་དང་ཨ་མ་ལ་བརྩི་བཀུར་མ་བྱས་པར་སྣང་མེད་བཏང་ན།
ལུང་གཤོངས་ནང་ཀྱི་བྱ་རོག་གིས་ཁོའི་མིག་གཉིས་མཆུ་འཐོག་རྒྱག
རྒོད་ཕྲུག་རྣམས་ཀྱིས་དེ་ཚོ་ཟ།
18 ངས་ཤེས་རྟོགས་བྱེད་མི་ཐུབ་པའི་དོན་དག་གསུམ་ཡོད།
ངས་ཧ་གོ་མི་ཐུབ་པའི་དོན་དག་བཞི་ཡོད།
19 གནམ་ལ་འཕུར་བའི་བྱ་གླག་ཀྱི་ལམ།
བྲག་རྡོར་ལྟོ་འགྲོ་བྱེད་པའི་སྦྲུལ་གྱི་ལམ།
རྒྱ་མཚོར་སྐྱོད་པའི་གྲུ་གཟིངས་ཀྱི་ལམ།
ན་གཞོན་བུད་མེད་དང་མཉམ་དུ་ཡོད་པའི་ཁྱོ་གའི་ལམ་བཅས་ཡིན།
20 འཆལ་མོའི་སྤྱོད་ལམ་ནི་འདི་ལྟར་ཡིན།
ཁོ་མོས་བཟས་ཚར་བའི་རྗེས་སུ་ཁ་ཕྱིས་ནས་བཤད།
“ངས་ལས་ཀ་ངན་པ་གང་ཡང་བྱས་མེད།”
21 ས་གཞི་ལ་གཡོ་འགུལ་གཏོང་བའི་དོན་དག་གསུམ་ཡོད།
ས་གཞི་ཨར་བརྟེན་མི་ཐུབ་པའི་དོན་དག་བཞི་ཡོད།
22 གཡོག་པོ་ཞིག་རྒྱལ་པོ་ཆགས་ནས་དབང་སྒྱུར་བྱེད་པ།
གླེན་པ་ལ་ཟ་ཆས་ཕུན་སུམ་ཚོགས་པོ་ཐོབ་པ།
23 ཞེན་པ་ལོག་པའི་བུད་མེད་གནའ་མར་ལེན་པ།
གཡོག་མོས་བདག་མོའི་གོ་གནས་འཕྲོག་ལེན་བྱེད་པ་བཅས་ཡིན།
24 ས་སྟེང་གི་སྲོག་ཆགས་བཞི་ཆུང་ཆུང་ཡིན་ནའང་།
དེ་ཚོར་ལྷན་སྐྱེས་ཀྱི་ཤེས་རབ་ཡོད།
25 གྲོག་མ་ཤེད་ཤུགས་ཆེ་བའི་སྲོག་ཆགས་མིན།
འོན་ཀྱང་དབྱར་ཁའི་དུས་སུ་ཟ་ཆས་གྲ་སྒྲིག་བྱེད།
26 རི་བོང་རྨིག་པ་ཅན་ནི་དཔའ་ངར་ཆེ་བའི་སྲོག་ཆགས་མིན།
འོན་ཀྱང་དེ་ཚོའི་ཚང་བྲག་རྡོའི་ཁྲོད་དུ་བཟོ།
27 ཆ་ག་པ་ལ་རྒྱལ་པོ་མེད་ཀྱང་།
ཚང་མས་རུ་སྒྲིག་ནས་མདུན་དུ་སྐྱོད།
28 རྩངས་པ་རྐང་པས་རྩིག་པ་ལ་འབྱར་ནས།
རྒྱལ་པོའི་ཕོ་བྲང་ནང་དུ་འཛུལ།
29 གོམས་སྟབས་གཟི་རྔམ་ཆེ་བ་གསུམ་ཡོད།
འགུལ་སྟངས་གཟི་ཉམས་ལྡན་པ་བཞི་ཡོད།
30 གཅན་གཟན་ཁྲོད་དུ་ཤུགས་ཆེ་ཤོས་ཀྱི་སེང་གེ།
སུ་ལ་འཕྲད་ནའང་ཕྱིར་ཤིག་མི་རྒྱག
31 ད་དུང་རྔོན་ཁྱི། ར་ཕོ།
དམག་དཔུང་འཁྲིད་པའི་རྒྱལ་པོ་བཅས་ཡིན།
32 གལ་སྲིད་ཁྱོད་ཀྱིས་གླེན་རྟགས་མངོན་ནས་རང་ཉིད་ངོམས་ན།
ཡང་ན་དེ་ལྟར་བྱེད་རྩིས་ཡོད་ན། ལག་པས་ཁ་ཁོབ་དང་།
33 འོ་མ་དཀྲུགས་ན་མར་འབྱུང་།
སྣ་བཙིར་ན་ཁྲག་འཐོན།
དེ་ལྟར་རླུང་ཆེན་པོ་ལངས་ན་ཁ་རྩོད་སློང་།



