ལེགས་བཤད་ལེའུ་ཉི་ཤུ་རྩ་དགུ་པ།
Proverbs 29
1 སྐྱོན་བརྗོད་ཐེངས་མང་པོ་ཐེབས་ཀྱང་ཨུ་ཚུགས་ཚ་པོ་ཡིན་པའི་མི་ནི།
གློ་བུར་དུ་རྡུང་རྡེག་ཐེབས་ནས་བཅོས་ཐབས་མེད།
2 དྲང་བདེན་གྱི་མི་རྣམས་མང་དུ་འགྲོ་ན་མི་སེར་དགའ་སྤྲོ་སྐྱེ།
མི་ངན་གྱིས་དབང་སྒྱུར་བྱས་ན་མི་སེར་གྱིས་སྡུག་སྐད་རྒྱག
3 ཤེས་རབ་ལ་དགའ་མཁན་གྱི་ཕ་ལ་དགའ་སྤྲོ་ཡོད།
སྨད་ཚོང་མ་དང་འབྲེལ་བ་བྱེད་མཁན་གྱིས་རྒྱུ་ནོར་ཆུད་ཟོས་གཏོང་།
4 རྒྱལ་པོས་དྲང་བདེན་ལ་བརྟེན་ནས་རྒྱལ་ཁབ་གཏན་འཇགས་བཟོ།
ལྐོག་རྔན་རག་ཐབས་བྱེད་མཁན་གྱིས་རྒྱལ་ཁབ་ཉམས་རྒུད་གཏོང་།
5 མི་གཞན་ལ་ངོ་དགའ་བྱེད་མཁན་ནི།
མི་གཞན་གྱི་མདུན་དུ་རྒྱ་རྙི་འཛུགས་ཀྱི་ཡོད།
6 མི་ངན་ཁྲིམས་འགལ་བྱས་ནས་རྙི་ལ་ཚུད།
དྲང་བདེན་གྱི་མི་རྣམས་དགའ་འབོད་བསྒྲགས་བཞིན་དགའ་ཚོར་བྱེད།
7 དྲང་བདེན་གྱི་མིས་དབུལ་པོ་རྣམས་ཀྱི་ཁྲིམས་མཐུན་ཐོབ་ཐང་ལ་སེམས་ཁུར་བྱེད་ཀྱང་།
མི་ངན་རྣམས་ཀྱིས་དེར་སེམས་ཁུར་སྤུ་ཙམ་མི་བྱེད།
8 འབོར་ཤོབ་བྱེད་མཁན་གྱིས་གྲོང་ཁྱེར་ཧིལ་པོར་འཁྲུག་ཟིང་སློང་།
འོན་ཀྱང་ཤེས་རབ་ཅན་གྱིས་ཁོང་ཁྲོ་ཞི་རུ་བཅུག
9 ཤེས་རབ་ཅན་གྱིས་གླེན་པ་དང་ཁ་རྩོད་རྒྱག་ན།
སྐད་ཅོར་དང་འཕྱ་སྨོད་འབྱུང་བ་ལས་འབྲས་བུ་བཟང་པོ་འཐོན་མི་སྲིད།
10 དམར་གསོད་གཏོང་བར་དགའ་མཁན་ཉེས་པ་མེད་པའི་མི་ལ་སྡང་།
ཁོ་ཚོས་དྲང་བདེན་གྱི་མིའི་ཚེ་སྲོག་འཕྲོག་ཐབས་བྱེད།
11 གླེན་པས་རླུང་ལངས་ན་ཁོང་ཁྲོ་ཚང་མ་ཕྱི་ལ་འདོན།
ཤེས་རབ་ཅན་གྱིས་ཞི་ལྷོད་ངང་བཟོད་སྒོམ་བྱེད།
12 དབང་སྒྱུར་པ་ཞིག་གིས་རྫུན་གཏམ་ལ་ཉན་ན།
འཁོར་གཡོག་ཚང་མ་མི་ངན་དུ་འགྱུར།
13 དབུལ་པོ་དང་མི་ལ་གཉའ་གནོན་བྱེད་མཁན་ལ་འདྲ་ས་ཡོད།
ཡ་ཧོ་ཝཱས་དེ་གཉིས་ཀྱི་མིག་ལ་འོད་མཐོང་དུ་བཅུག
14 རྒྱལ་པོས་དབུལ་པོ་རྣམས་ལ་དྲང་གཞག་ངང་འདྲི་གཅོད་བྱས་ན།
རྒྱལ་ཁྲི་ནམ་ཡང་གཏན་འཇགས་ཡིན།
15 ཆད་པ་དང་སྐྱོན་བརྗོད་ནི་མི་ལ་ཤེས་རབ་སྤྲོད།
གཅུན་མེད་པའི་ཕྲུ་གུ་ནི་ཨ་མ་ངོ་ཚ་པོ་བཟོ།
16 མི་ངན་མང་དུ་འགྲོ་ན་ཁྲིམས་འགལ་ཡང་མང་དུ་འགྲོ།
འོན་ཀྱང་དྲང་བདེན་གྱི་མིས་ཁོ་ཚོའི་ཉམས་རྒུད་མཐང་།
17 ཁྱོད་ཀྱི་ཕྲུ་གུ་གཅུན་དགོས།
ཕྲུ་གུ་དེས་ཁྱོད་ལ་བདེ་བ་དང་སྤྲོ་སྣང་ཆེན་པོ་འབྱུང་།
18 དཀོན་མཆོག་གི་ཁྲིད་སྟོན་མེད་ན་མི་སེར་ཁྲིམས་མེད་ལུགས་མེད་བྱེད།
བཀའ་ཁྲིམས་ལ་བརྩི་སྲུང་བྱེད་མཁན་ལ་བདེ་སྐྱིད་ཡོད།
19 སྐད་ཆ་བཤད་པ་ཁོ་ནས་ཞབས་ཕྱིའི་སྐྱོན་ཆ་ཡོ་བསྲང་བྱེད་མི་ཐུབ།
ཁོས་ཧ་གོ་ནའང་ཁ་ལ་ཉན་འདོད་མེད།
20 བྲེལ་འཚུབ་ངང་སྐད་ཆ་བཤད་མཁན་མཐོང་མྱོང་ཡོད་དམ།
མི་དེ་ལས་གླེན་པ་ལ་ད་དུང་རེ་བ་ཡོད།
21 ཞབས་ཕྱི་ཆུང་དུས་ནས་ལང་ཤོར་དུ་བཏང་ན།
རྗེས་སུ་ཁོས་བཀའ་དྲིན་བསམ་ཤེས་མི་བྱེད།
22 ཁོང་ཁྲོ་ལང་སླ་བའི་མིས་རྩོད་གཞི་སློང་།
རླུང་ལང་སླ་བའི་མིས་རྟག་པར་ཁྲིམས་འགལ་བྱེད།
23 ལྟ་བ་མཐོ་བའི་མི་དམའ་འབབ།
སྙེམས་ཆུང་གི་མི་ལ་གཟི་བརྗིད་འཐོབ།
24 རྐུན་མའི་རོགས་པ་བྱེད་མཁན་ནི་རང་ཉིད་ལ་སྡང་ཡོད།
ཁོས་བདེན་དཔང་བྱེད་པའི་འབོད་སྐུལ་ཐོས་ཀྱང་སྙན་སེང་མི་བྱེད།
25 མི་ལ་ཞེད་པ་ནི་རྙི་དང་མཚུངས།
འོན་ཀྱང་ཡ་ཧོ་ཝཱར་བློས་འཁེལ་མཁན་ལ་སྲུང་སྐྱོབ་འཐོབ།
26 མི་མང་པོས་དབང་སྒྱུར་པ་དང་མཇལ་འཕྲད་བྱེད་ཐབས་བྱེད།
འོན་ཀྱང་དྲང་བདེན་གྱི་འདྲི་གཅོད་གནང་མཁན་ནི་ཡ་ཧོ་ཝཱ་ཡིན།
27 དྲང་བདེན་གྱི་མིས་དྲང་པོ་མིན་པའི་མི་ལ་ཞེན་པ་ལོག
མི་ངན་གྱིས་མི་དྲང་པོ་དྲང་གཞག་ལ་ཞེན་པ་ལོག



