ལེགས་བཤད་ལེའུ་ཉི་ཤུ་རྩ་བརྒྱད་པ།
Proverbs 28
1 མི་ངན་རྗེས་འདེད་བྱེད་མཁན་མེད་ན་ཡང་བྲོས་འགྲོ།
འོན་ཀྱང་དྲང་བདེན་གྱི་མི་ནི་སེང་གེ་ལྟར་སེམས་ཤུགས་བརྟན་པོ་ཡིན།
2 རྒྱལ་ཁབ་ལ་ཁྲིམས་འགལ་བྱས་མཁན་ཡོད་ན་དབང་སྒྱུར་པ་གཅིག་རྗེས་གཉིས་མཐུད་དུ་འགྱུར།
དབྱེ་ཞིབ་ཀྱི་ནུས་པ་དང་ཤེས་ཡོན་ཡོད་པའི་མི་ལ་བརྟེན་ནས་གཙོ་འཛིན་ཡང་ཡུན་རིང་དུ་དབང་སྒྱུར་བྱེད།
3 དབུལ་པོ་ཞིག་གིས་གོ་ས་དམའ་བའི་མི་ནས་གཡོ་ལེན་བྱེད་པ་ནི།
ཆར་པས་ཟ་ཆས་ཡོད་ཚད་ཁྱེར་བ་དང་འདྲ།
4 ཁྲིམས་སྐྱུར་མཁན་གྱིས་མི་ངན་ལ་བསྟོད་བསྔགས་གཏོང་།
ཁྲིམས་བརྩི་སྲུང་བྱེད་མཁན་གྱིས་ཁོ་ཚོར་དྲང་བདེན་གྱི་ཁོང་ཁྲོ་སྐྱེ།
5 མི་ངན་གྱིས་དྲང་བདེན་ཧ་གོ་མི་ཐུབ།
འོན་ཀྱང་ཡ་ཧོ་ཝཱར་ཁྲིད་སྟོན་འཚོལ་མཁན་ནི་དོན་ཐམས་ཅད་ཤེས་རྟོགས་བྱེད་ཐུབ།
6 ལྷག་བསམ་རྣམ་དག་གི་དབུལ་པོ་ནི།
སྤྱོད་ལམ་ངན་རུལ་གྱི་ཕྱུགས་པོ་ལས་ལྷག
7 གོ་རྟོགས་ཀྱི་ནུས་རྩལ་ཡོད་པའི་བུ་ཡིས་ཁྲིམས་ལ་བརྩི་སྲུང་བྱེད།
ཟ་རྔམ་བྱེད་མཁན་དང་འབྲེལ་བ་བྱེད་པའི་བུ་ཡིས་ཕ་ཡི་རྐང་འདྲེན།
8 སྐྱེད་ཀ་མཐོ་པོ་ལེན་ནས་རྒྱུ་ནོར་བསགས་མཁན་ནི།
མཐར་ཐུག་དབུལ་པོ་ལ་སེམས་ཁུར་བྱེད་མཁན་གྱི་ཆེད་དུ་རྒྱུ་ནོར་བསགས་ཡོད།
9 མི་ཞིག་ཁྲིམས་ལ་ཉན་འདོད་མེད་ན།
མི་དེའི་སྨོན་ལམ་ཡང་ཞེན་པ་ལོག་འོས་པ་ཞིག་ཡིན།
10 དྲང་བདེན་གྱི་མི་ལ་མགོ་སྐོར་བཏང་ནས་ལམ་ནོར་དུ་ཁྲིད་མཁན་ནི་རང་ཉིད་ཀྱིས་དྲུས་པའི་ས་དོང་དུ་ལྷུང་།
སྐྱོན་བརྗོད་བྱེད་ས་མེད་པའི་མི་ལ་འབྲས་བུ་བཟང་པོ་འཐོབ།
11 ཕྱུགས་པོས་རང་ཉིད་ཤེས་རབ་ཅན་ཡིན་བསམ།
འོན་ཀྱང་དབྱེ་ཞིབ་ཀྱི་ནུས་པ་ཡོད་པའི་དབུལ་པོས་མི་དེར་མཐིལ་རྟོགས་བྱེད།
12 དྲང་བདེན་གྱི་མི་ལ་རྒྱལ་ཁ་ཐོབ་དུས་གཟི་བརྗིད་ཆེན་པོ་ཡོད།
འོན་ཀྱང་མི་ངན་གྱིས་དབང་ཆ་བཟུང་ན་མི་རྣམས་གབ་ཡིབ་བྱེད།
13 རང་ཉིད་ཀྱི་ནོར་འཁྲུལ་སྦ་གསང་བྱེད་མཁན་ལ་ལེགས་འགྲུབ་ཡོང་མི་སྲིད།
འོན་ཀྱང་ནོར་འཁྲུལ་ངོས་ལེན་བྱས་ནས་སྐྱུར་མཁན་ལ་སྙིང་རྗེ་འཐོབ།
14 རྟག་དུ་དོགས་ཟོན་བྱེད་མཁན་ལ་བདེ་སྐྱིད་ཡོད།
ཨུ་ཚུགས་རྒྱག་མཁན་ལ་རྐྱེན་ངན་ཕོག
15 ནུས་པ་མེད་པའི་མི་སེར་ལ་དོ་དམ་བྱེད་པའི་དབང་སྒྱུར་པ་ངན་པ་ནི།
ངར་སྐད་སྒྲོག་པའི་སེང་གེ་དང་འཇབ་རྒོལ་བྱེད་པའི་དོམ་དང་འདྲ།
16 དབྱེ་ཞིབ་ཀྱི་ནུས་པ་མེད་པའི་གཙོ་འཛིན་གྱིས་དབང་ཆ་གང་བྱུང་དུ་སྤྱོད།
འོན་ཀྱང་ཡོང་ཁུངས་མི་གཙང་བའི་ཁེ་ཕན་ལ་སྡང་མཁན་ནི་མི་ཚེ་རིང་པོ་སྐྱེལ།
17 མི་བསད་པའི་ལག་དམར་བ་ནི་མ་ཤི་བར་དུ་བྲོས་དགོས།
མི་སུ་ཞིག་ཀྱང་མི་དེར་རོགས་རམ་བྱེད་མི་ཆོག
18 སྤྱོད་ལམ་གཙང་མ་བྱེད་མཁན་ལ་སྲུང་སྐྱོབ་འཐོབ།
འོན་ཀྱང་གཡོ་སྒྱུ་བྱེད་མཁན་གློ་བུར་དུ་འགྱེལ།
19 རང་ཉིད་ཀྱི་ཤིང་ཁ་རྨོ་མཁན་ལ་ཟ་ཆས་འདང་ངེས་ཡོད།
རིན་ཐང་མེད་པའི་དོན་དག་དོན་གཉེར་བྱེད་མཁན་གྱིས་དབུལ་ཕོངས་ཀྱི་བྲོ་བ་མྱངས།
20 བློས་འཁེལ་ཆོག་པའི་མི་ལ་དཀོན་མཆོག་གི་བཀའ་དྲིན་མང་པོ་འཐོབ།
བྲེལ་འཚུབ་ངང་རྒྱུ་ནོར་འཐོབ་ཐབས་བྱེད་མཁན་གཡོ་ལྷད་དང་བྲལ་མི་ཐུབ།
21 ཕྱོགས་ཞེན་བྱེད་པ་ནི་བཟང་པོ་མིན།
འོན་ཀྱང་མི་ཡིས་བག་ལེབ་གཅིག་གི་ཆེད་དུ་ཁྲིམས་འགལ་བྱེད་སྲིད།
22 ཕྲག་དོག་བྱེད་མཁན་རྒྱུ་ནོར་བསག་པར་ཧུར་ཐག་བྱེད་ཀྱང་།
དབུལ་ཕོངས་ཀྱིས་ཁོ་ལ་རྗེས་འདེད་གཏོང་བཞིན་ཡོད་པ་མི་ཤེས།
23 མི་ལ་སྐྱོན་བརྗོད་བྱེད་མཁན་ལ་འཐོབ་པའི་དགའ་གུས་ནི།
མཐར་ཐུག་ངོ་བསྟོད་བྱེད་མཁན་ལས་ཆེ་བ་ཡོད།
24 ཕ་མའི་དངོས་པོ་འཕྲོགས་ནས་“འདི་མ་འགྲིག་པ་གང་ཡང་མེད” ཟེར་མཁན་ནི་
ཇག་རྐུན་གྱི་རོགས་པ་ཞིག་ཡིན།
25 ཧམ་པ་བྱེད་མཁན་གྱིས་རྩོད་གཞི་སློང་།
འོན་ཀྱང་ཡ་ཧོ་ཝཱ་ལ་བློས་གཏད་མཁན་དར་རྒྱས་འགྲོ།
26 རང་ཉིད་ཀྱི་སེམས་ལ་ཡིད་ཆེས་བྱེད་མཁན་ནི་གླེན་པ་ཡིན།
འོན་ཀྱང་ཤེས་རབ་ལ་བརྟེན་ནས་འགྲོ་མཁན་ནི་ཆག་སྒོ་ལས་ཐར་ཐུབ།
27 དབུལ་པོར་སྦྱིན་པ་གཏོང་མཁན་ལ་མི་འདང་བ་གང་ཡང་མེད།
མིག་བཙུམ་ནས་སྣང་མེད་བཏང་མཁན་ལ་དམོད་མོ་མང་པོ་ཐེབས།
28 མི་ངན་གྱིས་དབང་ཆ་བཟུང་ན་མི་རྣམས་གབ་ཡིབ་བྱེད།
མི་ངན་མེད་པར་གྱུར་ན་དྲང་བདེན་གྱི་མི་མང་དུ་འགྲོ།



