ལེགས་བཤད་ལེའུ་ཉི་ཤུ་རྩ་བདུན་པ།
Proverbs 27
1 སང་ཉིན་གྱི་སྐོར་འུད་ཤོབ་བཤད་མི་ཆོག
ཁྱོད་ཀྱིས་ཉིན་རེ་རེར་གནས་ཚུལ་གང་འབྱུང་བ་མི་ཤེས།
2 རང་ཉིད་ཀྱི་ཁ་མ་ཡིན་པར་མི་གཞན་གྱིས་ཁྱོད་ལ་བསྟོད་བསྔགས་གཏོང་དུ་བཅུག་དང་།
རང་ཉིད་ཀྱི་མཆུ་ཏོ་མ་ཡིན་པར་མི་གཞན་གྱིས་བསྟོད་བསྔགས་བཏང་ན་བཟང་།
3 རྡོ་དང་བྱེ་མ་ལྗིད་པོ་ག་ཚོད་ཡོད་ན་ཡང་།
གླེན་པས་བཟོས་པའི་རྙོག་དྲ་ནི་དེ་བས་ལྗིད་པོ་ཡོད།
4 ཁོང་ཁྲོ་ཆེན་པོ་ལངས་མཁན་ལ་ཡ་ང་སྙིང་རྗེ་མེད། ཁོང་ཁྲོ་ཆུ་ལོག་ལྟར་ཡིན།
འོན་ཀྱང་ཕྲག་དོག་ལ་སུས་ཁ་གཏད་འཇལ་ཐུབ་བམ།
5 གསལ་པོར་བྱས་པའི་སྐྱོན་བརྗོད་ནི་སྦས་གསང་བྱས་པའི་བརྩེ་སེམས་ལས་བཟང་།
6 གྲོགས་པོས་ཁྱོད་ལ་རྨས་སྐྱོན་གཏོང་བ་ནི་ཁྱོད་ལ་བློ་དཀར་ཡིན་པའི་རྟགས་རེད།
འོན་ཀྱང་དགྲ་བོ་ནི་ཁྱོད་ལ་ཡང་སེ་འོ་བྱེད།
7 གྲོད་ཁོག་རྒྱགས་ཚར་བའི་མི་ནི་སྦྲང་ཚང་གི་སྦྲང་རྩི་ཡང་ཟ་འདོད་མེད།
འོན་ཀྱང་གྲོད་ཁག་ལྟོགས་པའི་མིའི་ངོས་ནས་བཤད་ན་ཁ་ཏིག་གི་ཟས་རིགས་ཀྱང་མངར་མོ་ཡིན།
8 ཁྱིམ་དང་ཁ་བྲལ་ནས་འཁྱམས་མཁན་ནི།
ཚང་ནས་ཁ་བྲལ་ནས་འཁྱར་བའི་བྱ་བྱིའུ་དང་འདྲ།
9 སྣུམ་དང་སྤོས་ཀྱིས་མི་ལ་དགའ་སྤྲོ་སྐྱེད།
སྙིང་ནས་བྱས་པའི་གྲོགས་པའི་ཁ་ཏ་བསླབ་བྱ་ཡང་དེ་ལྟར་ཡིན།
10 རང་ཉིད་ཀྱི་གྲོགས་པོ་དང་ཕ་ལགས་ཀྱི་གྲོགས་པོ་དང་ཁ་བྲལ་མི་ཆོག
ཆག་སྒོ་དང་ཕྲད་པའི་ཉིན་མོར་གཅེན་གཅུང་གི་ཁང་པར་འཛུལ་མི་ཅོག
ཉེ་འཁོར་གྱི་ཁྱིམ་མཚེས་ནི་ཐག་རིང་སའི་གཅེན་གཅུང་ལས་ལྷག
11 ངའི་བུ་ཕྲུག ཤེས་རབ་ཅན་ཞིག་བྱས་ནས་ངའི་སེམས་ལ་དགའ་སྤྲོ་སྐྱེ་རུ་བཅུག་དང་།
དེ་ལྟར་བྱས་ན་ངས་ང་ལ་འཕྱ་སྨོད་བྱེད་མཁན་དེར་ལན་སློག་ཐུབ།
12 མི་སྤྱང་པོས་ཉེན་ཁ་མཐོང་ན་གཡོལ་ནས་གབ།
འོན་ཀྱང་ཉམས་མྱོང་མེད་པའི་མི་ནི་མུ་མཐུད་མདུན་དུ་ཕྱིན་ནས་སྡུག་པོ་མྱང་།
13 ཕྱི་མིའི་ཁག་ཐེག་བྱས་མཁན་ནས་ཁོའི་ཕྱི་གོས་ལེན་ཞིག
ཕྱི་རྒྱལ་གྱི་བུད་མེད་ཀྱི་ཆེད་དུ་ཁག་ཐེག་བྱས་མཁན་ཡིན་ན་ཁོ་ནས་གཏའ་མ་ལེན་ཞིག
14 ཞོགས་པ་སྔ་མོ་ནས་སྐད་ཤུགས་ཆེན་པོས་མི་གཞན་ལ་བདེ་བ་ཡོང་བའི་སྨོན་འདུན་ཞུས་ན།
མི་གཞན་གྱིས་དེ་སྨད་མོ་ལ་བརྩི་གི་རེད།
15 རྩོད་པ་ལ་དགའ་བའི་ཆུང་མ་ནི་ཆར་པ་འབབ་པའི་ཉིན་མོར་རྒྱུན་ཆད་མེད་པར་
ཆུ་འཛག་པའི་ཐོག་ཁ་དང་འདྲ།
16 ཆུང་མ་དེ་བཀག་འགོག་བྱེད་ཐུབ་ན་མི་དེས་ལྷགས་པ་ཡང་འགོག་ཐུབ་ལ།
ལག་པ་གཡས་པས་སྣུམ་ཡང་འཛིན་ཐུབ།
17 ལྕགས་ནི་ལྕགས་ལ་བརྡར་ནས་རྣོ་པོ་བཟོ་ཐུབ།
མི་དང་ཁོའི་གྲོགས་པོ་ཕན་ཚུན་སྦྱོང་བརྡར་སྤྲད་ནས་ཡར་སྐྱེད་གཏོང་།
18 མེ་ཏོག་གསང་ཤིང་གི་ཤིང་སྡོང་ལྟ་རྟོག་བྱེད་མཁན་གྱིས་དེའི་འབྲས་བུ་ཟ།
བདག་པོ་ལ་ཞབས་ཕྱི་ཞུ་མཁན་ལ་གཟི་བརྗིད་འཐོབ།
19 མི་ཞིག་གིས་ཆུ་ངོས་སུ་རང་ཉིད་ཀྱི་གདོང་མཐོང་བ་ལྟར།
མི་ཡིས་མི་གཞན་ཞིག་གི་སེམས་ལ་རང་ཉིད་ཀྱི་བསམ་ཡུལ་མཐོང་།
20 དུར་ས་དང་གཏོར་བཤིག་གི་ས་ཆ་ཁེང་མི་སྲིད།
མིའི་མིག་ཡང་འདོད་བློ་ཁེང་མི་སྲིད།
21 བཞུ་སྣོད་ནང་དངུལ་བཞུ་ཐུབ། བཞུ་ཐབ་ནང་གསེར་བཞུ་ཐུབ།
དེ་ལྟར་བསྟོད་བསྔགས་ཀྱིས་མི་ལ་ཉམས་ཚོད་ལེན་ཐུབ།
22 གླེན་པ་ཞིག་གཏུན་ཁུང་ལ་བླུགས་ནས་འབྲུ་རིགས་ལྟར་གཏུན་བུས་བརྡུང་ནའང་།
མི་དེའི་གླེན་རྟགས་ཁོ་དང་ཁ་བྲལ་མི་སྲིད།
23 ཁྱོད་ཀྱིས་རང་ཉིད་ཀྱི་ལུག་ཁྱུའི་གནས་ཚུལ་གསལ་པོར་ཤེས་དགོས།
ལུག་ལ་ལྟ་སྐྱོང་ཡག་པོ་བྱེད་དགོས།
24 རྒྱུ་ནོར་ནི་དུས་ནམ་ཡང་གནས་མི་སྲིད།
རྒྱལ་པོའི་དབུ་རྒྱན་ཡང་མི་རབས་རྗེས་མར་རྟག་ཏུ་རྒྱུན་འཛིན་བྱེད་མི་ཐུབ།
25 སྔོ་རྩྭ་མེད་པར་གྱུར་ན་སླར་ཡང་རྩྭ་གསར་སྐྱེ།
མི་རྣམས་ཀྱིས་རི་སྟེང་གི་རྩྭ་ལྡུམ་བསྡུ།
26 ལུག་གུ་གི་བལ་གྱིས་གྱོན་ཆས་བཐོ་ཐུབ་ལ།
ཤིང་ཁ་ཉོ་བའི་རིན་འབབ་ལ་ར་ཕོ་སྤྲོད་ཐུབ།
27 ར་ཡི་འོ་མ་འདང་ངེས་ཡོད་པས་རང་ཉིད་ཀྱི་ཆེད་དུ་ཟ་ཆས་བཟོ་ཐུབ་པ་མ་ཟད།
ཁྱོད་ཀྱི་ཁྱིམ་ཚང་དང་གཡོག་མོ་རྣམས་འཚོ་སྐྱོང་བྱེད་ཐུབ།



