ལེགས་བཤད་ལེའུ་ཉི་ཤུ་རྩ་དྲུག་པ།

Proverbs 26


1 དབྱར་གར་བབ་པའི་ཁ་བ་དང་ལོ་ཏོག་རྔ་བའི་སྐབས་སུ་བབ་པའི་ཆར་པ་ལྟར།

     གླེན་པར་གཟི་བརྗིད་ཐོབ་ན་འོས་འཚམས་མིན།

2 བྱ་བྱིའུ་བྲོས་ན་རྒྱུ་མཚན་ཡོད། ཁུག་རྟ་འཕུར་དུས་ཀྱང་འཕུར་བའི་རྒྱུ་མཚན་ཡོད།

     དེ་བཞིན་ཆག་སྒོ་ཡང་རྒྱུ་མེད་རྐྱེན་མེད་དུ་ལང་མི་སྲིད།

3 རྟ་གཅུན་པའི་ཆེད་དུ་ལྕགས་ཚན་དང་བོང་བུ་གཅུན་པའི་ཆེད་དུ་སྲབ་ལྕགས།

     གླེན་པའི་རྒྱབ་ལ་གཞུ་བའི་ཆེད་དུ་དབྱུག་པ་ཡོད།

4 གླེན་པའི་གླེན་ཚད་ལ་གཞིགས་ནས་ལན་རྒྱག་མི་ཆོག

     རང་ཉིད་ཀྱང་གླེན་པ་མ་ཆགས་པའི་ཆེད་དུ་ཡིན།

5 གླེན་པར་ཁོའི་གླེན་ཚད་ལ་གཞིགས་ནས་ལན་རྒྱག་དགོས།

     གླེན་པ་དེར་རང་ཉིད་སྤྱང་པོ་ཡིན་བསམ་དུ་མ་བཅུག་པའི་ཆེད་དུ་ཡིན།

6 གླེན་པར་ལས་ཀ་བཅོལ་མཁན་ནི།

     རང་གི་རྐང་པ་བཅག་ནས་རང་ཉིད་ལ་གནོད་འཚེ་གཏང་མཁན་དང་འདྲ།

7 གླེན་པས་བཤད་པའི་ལེགས་བཤད་ནི།

     ནུས་པ་མེད་པའི་རྐང་པ་འཐེང་པོ་དང་འདྲ།

8 གླེན་པར་གཟི་བརྗིད་སྤྲོད་པ་ནི་

     འུར་རྡོའི་ཐག་པར་རྡོ་བཅིངས་པ་དང་འདྲ།

9 གླེན་པས་བཤད་པའི་ལེགས་བཤད་ནི།

     ཆང་བཟི་མཁན་གྱི་ལག་པར་ཡོད་པའི་ཚེར་མ་དང་འདྲ།

10 གླེན་པ་ཡང་ན་ལམ་ཞོར་དུ་འགྲོ་མཁན་གླས་པ་ནི།

     མདའ་གང་བྱུང་བརྒྱབ་ནས་མི་ལ་རྨས་སྐྱོན་གཏོང་བ་དང་མཚུངས།

11 ཁྱི་ཡིས་རང་གིས་བསྐྱུགས་པའི་ཟས་ཡང་བསྐྱར་ཟ་བ་ལྟར།

     གླེན་པས་ཡང་སེ་གླེན་པའི་བྱ་སྤྱོད་བྱེད།

12 རང་ཉིད་སྤྱང་པོ་ཡིན་བསམ་མཁན་མཐོང་མྱོང་ཡོད་དམ།

     མི་དེ་རིགས་ལས་གླེན་པར་རེ་བ་མང་བ་ཡོད།

13 ལེ་ལོ་ཅན་གྱིས་ “ལམ་ཁར་སེང་གེ་སྟོབས་ཆེན་འདུག

     ཐང་ཆེན་ལ་སེང་གེ་འདུག” ཅེས་ཟེར།

14 སྒོ་གླེགས་འཁོར་ལྟེའི་སྟེང་དུ་ཕར་ལོག་ཚུར་ལོག་བྱེད་པ་ལྟར།

     ལེ་ལོ་ཅན་ཡང་ཉལ་ཁྲིའི་སྒང་ལ་ཕར་ལོག་ཚུར་ལོག་བྱེད།

15 ལེ་ལོ་ཅན་གྱིས་སྡེར་མའི་ཟས་རིགས་ལ་ལག་པ་བཅངས་ཀྱང་།

     ལག་པ་དེ་ཁ་ལ་སྐྱེལ་བ་ཙམ་ཡང་དཀའ་ལས་ཡིན།

16 ལེ་ལོ་ཅན་གྱིས་བསམ་པར་

     རང་ཉིད་འོས་འཚམས་ཀྱི་ལན་རྒྱག་མཁན་བདུན་ལས་སྤྱང་པོ་ཡིན་བསམ།

17 ལམ་ཞོར་དུ་མི་གཞན་གྱི་རྩོད་པ་མཐོང་ནས་ཁོང་ཁྲོ་ཆེན་པོ་ལངས་མཁན་ནི།

     ཁྱིའི་རྣ་བ་འཛིན་མཁན་དང་འདྲ།

18 མེ་ཤུགས་འཕུར་མདའ་དང་མདའ་བརྒྱབ་ནས་མི་བསད་མཁན་སྨྱོན་པ་དང་འདྲ་བར།

19 ཉེ་འཁོར་གྱི་མི་ལ་མགོ་སྐོར་བཏང་མཁན་གྱིས་ “རྩེད་མོ་རྩེས་པ་ཙམ་ཡིན” ཞེས་བཤད།

20 མེ་ཤིང་མེད་ན་མེ་ལྕེ་མེད་པར་འགྱུར།

     མི་ལ་དམའ་འབེབས་གཏོང་མཁན་མེད་ན་ཁ་རྩོད་ཀྱང་མེད་པར་འགྱུར།

21 མདག་མ་ལ་སོལ་བ་བླུག་པ་དང་མེ་ལ་མེ་ཤིང་སྣོན་པ་ལྟར།

     རྩོད་པ་རྒྱག་པར་དགའ་མཁན་གྱིས་ཁ་རྩོད་དཀྲུག་ཤིང་བྱེད།

22 དམའ་འབེབས་གཏོང་མཁན་གྱི་གཏམ་ནི་ཤ་ཚལ་ཞིམ་པོ་དང་འདྲ།

     མི་རྣམས་ཀྱིས་ཁྱུར་མིད་བཏང་ནས་གྲོད་ཁོག་ནང་དུ་ལྷུང་།

23 སེམས་ནག་པོ་ནས་ཐོན་པའི་སྐད་ཆ་འཇམ་པོ་ནི།

     རྫ་ཧྲོབ་ལ་བྱུགས་པའི་གཡུ་རྩི་དང་འདྲ།

24 མི་གཞན་ལ་སྡང་མཁན་གྱི་སྐད་ཆ་ཞེ་སྡང་དེ་སྦ་གསང་བྱེད་ཀྱང་།

     སེམས་ནང་དུ་གཡོ་སྒྱུ་བཅངས་ཡོད།

25 མི་དེས་འཆམ་མཐུན་ངང་སྐད་ཆ་བཤད་ནའང་ཡིད་ཆེས་བྱེད་མི་ཆོག

     ཁོའི་སེམས་ནང་དུ་ཞེན་པ་ལོག་འོས་པའི་བསམ་ཚུལ་བདུན་ཡོད།

26 ཞེ་སྡང་དེ་གཡོ་སྒྱུ་གིས་ཁེབས་ནའང་།

     མི་དེའི་ངན་པ་ཆོས་ཚོགས་ཀྱི་ཁྲོད་དུ་གསལ་པོར་འགྱུར།

27 ས་དོང་འདྲུ་མཁན་སོ་སོའི་འདྲུ་བའི་དོང་ནང་དུ་ལྷུང་།

     རྡོ་ཕར་སྒྲིལ་མཁན་ལ་རྡོ་དེ་ཁོའི་སྟེང་དུ་ཚུར་ལོག

28 རྫུན་གཏམ་བཤད་པའི་ལྕེ་ཡིས་སོ་སོས་ཕོག་ཐུག་བཏང་སའི་མི་ལ་སྡང་།

     ངོ་བསྟོད་བཤད་པའི་ཁ་ཡིས་ཉམས་ཆག་གཏོང་།