ལེགས་བཤད་ལེའུ་ཉི་ཤུ་རྩ་ལྔ་པ།

Proverbs 25


1 གཤམ་གྱི་རྩོམ་ཡིག་ཀྱང་སོ་ལོ་མོན་གྱི་ལེགས་བཤད་ཡིན། ཡ་ཧུ་དཱ་ཡུལ་གྱི་རྒྱལ་པོ་ཧི་ཟེ་ཀི་ཡཱ་གིས་མི་བཏང་ནས་བཤུས་སུ་བཅུག་པ་དེ་ཡིན།

2 དོན་དག་གསངས་ནས་མངོན་དུ་མ་བཅུག་པ་ནི་དཀོན་མཆོག་གི་གཟི་བརྗིད་ཡིན།

     དོན་དག་མཐར་ཕྱིན་དུ་ཞིབ་འཇུག་བྱེད་པ་ནི་རྒྱལ་པོ་རྣམས་ཀྱི་གཟི་བརྗིད་ཡིན།

3 གནམ་མཐོ་པོ་དང་ས་ཟབ་མོ་ལྟར།

     རྒྱལ་པོ་རྣམས་ཀྱི་སེམས་ནི་དཔག་དཀའ་པོ་ཡིན།

4 དངུལ་སྟེང་གི་བཞུ་སྙིགས་གཡུགས་ཤིག

     དེ་ལྟར་བྱས་ན་ལྷད་ཙང་མ་བཏོན་པའི་དངུལ་སྤུས་མ་འཐོབ།

5 རྒྱལ་པོའི་མདུན་ནས་མི་ངན་ཕུས་ཤིག

     དེ་ལྟར་བྱས་ན་རྒྱལ་ཁྲི་དྲང་བདེན་ལ་བརྟེན་ནས་བརྟན་པོར་གནས།

6 རྒྱལ་པོའི་མདུན་དུ་ང་རྒྱལ་བྱེད་མི་ཆོག

     མི་དྲག་རྣམས་ཀྱི་ཁྲོད་དུ་འཛུལ་ཐབས་བྱེད་མི་ཆོག

7 སྐུ་དྲག་རྣམས་ཀྱི་མདུན་དུ་ངོ་ཚ་ཐེབས་པ་ལས།

     ཁོང་གིས་ཁྱོད་ལ་“ཡར་ཤོག་དང་”ཞེས་བཤད་པ་ལེགས།

8 བྲེལ་འཚུབ་ངང་ཞུ་གཏུག་རྒྱག་མི་ཆོག

     གལ་སྲིད་རྗེས་སུ་མིས་ཁྱོད་ལ་བརྙས་བཅོས་བཏང་ན་གང་འདྲ་བྱེད་དགོས་སམ།

9 མི་དེ་ཐད་ཀར་བཙལ་ནས་རྩོད་གཞི་ཐག་གཅོད་བྱེད་དང་།

     འོན་ཀྱང་གསང་དོན་ཕྱི་ལ་སྐྱེལ་མི་ཆོག

10 དེ་ལྟར་བྱས་ན་ཁྱོད་ཀྱི་སྐད་ཆ་ཉན་མཁན་གྱིས་ཁྱོད་ལ་བརྙས་བཅོས་གཏང་།

     ཁྱོད་ཀྱིས་ཁྱབ་སྤེལ་བྱས་པའི་རྒྱབ་བཤད་ཕྱིར་འཐེན་བྱེད་མི་ཐུབ།

11 འོས་འཚམ་གྱི་སྐབས་དང་བསྟུན་ནས་བཤད་པའི་སྐད་ཆ་ནི།

     དངུལ་གྱི་སྡེར་མའི་ནང་གི་གསེར་གྱི་ཀུ་ཤུ་དང་འདྲ།

12 ཤེས་རབ་ཅན་གྱི་སྐྱོན་བརྗོད་ནི་ཉན་འདོད་བྱེད་མཁན་གྱི་རྣ་བ་ལ།

     གསེར་གྱི་རྣ་ལོང་དང་གསེར་བཙོ་མའི་རྒྱན་ཆ་དང་འདྲ།

13 བློས་འཁེར་ཆོག་པའི་ཕོ་ཉ་གིས་ཁོ་བཏང་མཁན་བདག་པོའི་སེམས་སྐྱིད་པོ་བཟོ།

     ལོ་ཏོག་རྔ་བའི་དབྱར་ཁར་ཁ་བ་གྲང་མོ་ལོངས་སྤྱོད་པ་ལྟར་ཡིན།

14 སྤྲོད་བརྩི་མེད་པའི་ལག་རྟགས་ཀྱི་སྐོར་འུད་ཤོབ་བྱེད་མཁན་ནི།

     ཆར་པ་མ་བསྐྱལ་བའི་སྤྲིན་པ་དང་ལྷགས་པ་ལྟར་ཡིན།

15 ངང་རྒྱུད་རིང་ན་དམག་དཔོན་ལའང་གོ་སྐོན་བློ་འགུག་བྱེད་ཐུབ།

     ཞི་འཇམ་གྱི་ལྕེ་ཡིས་རུས་པ་ཡང་གཅག་ཐུབ།

16 སྦྲང་རྩི་རྙེད་ན་འདང་ངེས་བཟས་ན་འགྲིག

     མང་དྲགས་བཟས་ན་སྐྱུག་པ་ཤོར་སྲིད།

17 ཁྱིམ་མཚེས་ཀྱི་ཁང་པར་ཉུང་ཙམ་འཛུལ་དང་།

     ཁོ་སུན་སྣང་སྐྱེས་ནས་ཁྱོད་ལ་ཞེན་པ་ལོག་སྲིད།

18 ཉེ་འཁོར་གྱི་མིའི་སྐོར་དཔང་ཚིག་རྫུན་མ་བཤད་མཁན་ནི།

     དབྱུག་པ་དང་རལ་གྲི། མདའ་རྩེ་རྣོ་པོ་དང་འདྲ།

19 དཀའ་ངལ་འཕྲད་སྐབས་བློ་འཁེལ་མི་ཐུབ་པའི་མི་ལ་ཡིད་ཆེས་བྱས་ན།

     ཆག་པའི་སོ་དང་རྐང་པ་ཀྱོག་པོ་ལ་རྟེན་པ་ལྟར་ཡིན།

20 སེམས་སྡུག་བྱེད་མཁན་ལ་གླུ་གཞེས་གཏོང་བའི་མི་ནི།

     ཉི་མ་གྲངས་མོར་གྱོན་ཆས་བུད་མཁན་དང་།

     བུལ་ཏོག་སྒང་ལ་སྐྱུར་ཁུ་བླུག་མཁན་ལྟ་བུ་ཡིན།

21 གལ་སྲིད་ཁྱོད་ཀྱི་དགྲ་བོ་ཞིག་གྲོད་ཁོག་ལྟོགས་ཡོད་ན་བག་ལེབ་སྟེར་དགོས།

     ཁ་སྐོམ་ཡོད་ན་ཆུ་སྟེར་དགོས།

22 དེ་ལྟར་བྱས་ན་ཁོའི་མགོ་སྟེང་ལ་འབར་བཞིན་པའི་སོལ་བ་སྤུངས་པ་དང་མཚུངས།

     ཡ་ཧོ་ཝཱས་ཁྱོད་ལ་བྱ་དགོའ་གནང་ངེས་ཡིན།

23 བྱང་རླུང་བརྒྱབ་ན་ཆར་ཆེན་འབབ།

     རྒྱབ་བཤད་བྱས་ན་མིའི་ཁོང་ཁྲོ་སློང་།

24 ཁ་རྩོད་རྒྱག་པར་དགའ་བའི་ཆུང་མ་དང་མཉམ་དུ་ཁང་པ་གཅིག་ནང་དུ་སྡོད་པ་ལས།

     ཐོག་ཁའི་ཟུར་དུ་བསྡད་ན་དགའ།

25 ས་ཆ་ཐག་རིང་ནས་བསྐྱལ་བའི་གཏམ་བཟང་ནི།

     དཀའ་ལས་ཁག་པའི་མི་ལ་ཐོབ་པའི་ཆུ་གྲང་མོ་དང་འདྲ།

26 མི་ངན་དང་སྟུན་ཐབས་བྱེད་པའི་དྲང་བདེན་གྱི་མི་ནི།

     ཉོག་པོ་ཆགས་པའི་ཆུ་མིག་དང་བཙོག་པ་ཆགས་པའི་ཁྲོན་པ་དང་འདྲ།

27 སྦྲང་རྩི་མང་དྲགས་བཟས་ན་ཡག་པོ་མིན།

     རང་ཉིད་ཀྱི་གཟི་བརྗིད་དོན་གཉེར་བྱེད་པ་ནི་གཟི་བརྗིད་མིན།

28 མི་ཞིག་གིས་རང་ཉིད་ཀྱི་ཁོང་ཁྲོ་གཅུན་མ་ཐུབ་ན།

     གཏོར་བཤིག་བྱུང་བའི་གྲོང་ཁྱེར་ལ་ལྕགས་རི་མེད་པ་ལྟར་ཡིན།