ལེགས་བཤད་ལེའུ་ཉི་ཤུ་རྩ་བཞི་པ།
Proverbs 24
1 མི་ངན་ལ་ཡིད་སྨོན་བྱེད་མི་ཆོག
ཁོ་ཚོ་དང་འབྲེལ་བ་བྱེད་ཐབས་བྱེད་མི་ཆོག
2 ཁོ་ཚོའི་སེམས་གདུག་རྩུབ་ཀྱི་སྤྱོད་པ་ལ་བསམ་བློ་གཏོང་།
ཁོ་ཚོའི་ཁ་ཡིས་མི་ལ་གནོད་འཚེ་གཏོང་བའི་སྐོར་བཤད།
3 ཁྱིམ་ཚང་ནི་ཤེས་རབ་ལ་བརྟེན་ནས་དར་རྒྱས་འགྲོ།
དབྱེ་ཞིབ་ཀྱི་ནུས་པ་བེད་སྤྱད་ནས་བརྟན་པོ་བཟོ་ཐུབ།
4 ཤེས་ཡོན་ཡོད་ན་ཁང་མིག་ནང་དུ།
རིན་ཐང་ཆེ་བའི་ནོར་བུ་གིས་ཁེང་།
5 ཤེས་རབ་ཅན་ལ་ནུས་སྟོབས་ཆེན་པོ་ཡོད།
མི་ལ་ཤེས་ཡོན་ཐོབ་ན་ནུས་སྟོབས་དེ་བས་ཆེ་རུ་འགྲོ།
6 ཐབས་མཁས་པའི་བཀོད་འདོམས་ལ་ཉན་ནས་དམག་འཐབ་བྱེད་དགོས།
བསམ་འཆར་འདོན་མཁན་མང་པོ་ཡོད་ན་རྒྱལ་ཁ་འཐོབ།
7 གླེན་པ་ལ་ཤེས་རབ་ངོ་མ་འཐོབ་མི་སྲིད།
གྲོང་ཁྱེར་གྱི་རྒྱ་སྒོའི་འཁྲིས་སུ་གྲོས་བསྡུར་བྱེད་སྐབས་ཁོས་གང་ཡང་བཤད་མི་ཐུབ།
8 ཇུས་ངན་འགོད་མཁན་གྱི་མིང་ལ།
ལྐོག་གཡོ་ངན་ཇུས་མཁས་པ་ཟེར།
9 གླེན་པའི་ཇུས་ངན་ནས་སྡིག་ཉེས་འཐོན།
མི་རྣམས་ཀྱིས་འཕྱ་སྨོད་བྱེད་མཁན་ལ་ཞེན་པ་ལོག
10 དཀའ་སྡུག་གི་ཉིན་མོར་སེམས་ཤུགས་ཤོར་ན།
ཁྱོད་ཀྱི་ནུས་སྟོབས་ཞན་དུ་འགྲོ།
11 ཤི་གྲབས་ཡོད་པའི་མི་རྣམས་སྐྱོབས་དང་།
གསོ་རར་ཁྱར་ཁྱོར་དུ་འགྲོ་མཁན་བཀག་འགོག་བྱེད་དང་།
12 གལ་སྲིད་ཁྱོད་ཀྱིས་ “ང་ཚོས་དེའི་སྐོར་ཤེས་མ་བྱུང” ཞེས་བཤད་ནའང་།
མིའི་སེམས་བརྟག་དཔྱད་གནང་མཁན་གྱིས་དེ་མཐོང་མི་ཐུབ་བམ།
ཁྱོད་ལ་གཟིགས་ཞིབ་གནང་མཁན་གྱིས་དེ་ཤེས་ནས།
ཁོང་གིས་མི་རེ་རེའི་བྱ་སྤྱོད་ལ་གཞིགས་ནས་ལན་སློག
13 ངའི་བུ། སྦྲང་རྩི་ཟོ་དང་། དེ་ཁྱོད་ལ་ཕན་ཐོགས་ཡོད།
སྦྲང་ཚང་གི་སྦྲང་རྩི་མངར་མོ་དང་བྲོ་བ་ཞིམ་པོ་ཡོད།
14 དེ་དང་འདྲ་བར་ཤེས་རབ་ཡང་ཁྱོད་ལ་ཕན་ཐོགས་ཡོད་པ་ཤེས་དགོས།
དེ་རྙེད་ན་ཁྱོད་ལ་མདུན་ལམ་ཡོད་ལ་ཁྱོད་ཀྱི་རེ་བ་ཡང་ཆད་མི་སྲིད།
15 དྲང་བདེན་གྱི་མིའི་ཁང་པའི་འཁྲིས་སུ་གནོད་སྐྱེལ་བའི་ཆེད་དུ་སྒུག་མི་ཆོག
མི་དེའི་ངལ་གསོ་རྒྱག་ས་གཏོར་བཤིག་གཏོང་མི་ཆོག
16 དྲང་བདེན་གྱི་མི་ནི་ཐེངས་བདུན་འགྱེལ་ན་ཡང་སླར་དུ་ཡར་ལང་།
འོན་ཀྱང་མི་ངན་ནི་བར་ཆད་བྱུང་ནས་ཡར་ལང་མི་ཐུབ།
17 ཁྱོད་ཀྱི་དགྲ་བོ་ས་ལ་འགྱེལ་སྐབས་དགའ་ཚོར་བྱེད་མི་ཆོག
ཁོ་རྐང་འདྲེད་ཤོར་སྐབས་སེམས་ནང་དགའ་སྤྲོ་སྐྱེ་མི་ཆོག
18 དེ་ལྟར་བྱས་ན་ཡ་ཧོ་ཝཱས་དེ་གཟིགས་ནས་ཁྱོད་ལ་ཞེན་པ་ལོག
ཁོང་གིས་དགྲ་བོ་དེར་ལངས་པའི་ཁོང་ཁྲོ་ཞི་བར་འགྱུར།
19 མི་ངན་གྱི་རྐྱེན་གྱིས་རླུང་ལང་མི་ཆོག
མི་ངན་རྣམས་ལ་ཡིད་སྨོན་བྱེད་མི་ཆོག
20 མི་ངན་ལ་མདུན་ལམ་མེད།
མི་ངན་གྱི་སྒྲོན་མེ་ཤི་བར་འགྱུར།
21 ངའི་བུ། ཡ་ཧ་ཝཱ་དང་རྒྱལ་པོ་ལ་གུས་བརྩི་ཞུས་དང་།
ངོ་ལོག་བྱེད་མཁན་དང་འབྲེལ་བ་བྱེད་མི་ཆོག
22 ཁོ་ཚོའི་གནོད་འཚེ་གློ་བུར་དུ་ཡོང་།
དཀོན་མཆོག་དང་རྒྱལ་པོ་གཉིས་ཀྱིས་གང་འདྲ་བྱས་ནས་ངོ་ལོག་པ་རྩ་མེད་གཏང་བ་སུས་ཤེས་སམ།
23 གཤམ་གྱི་གཏམ་ཡང་ཤེས་རབ་ཅན་གྱི་ཆེད་དུ་བཀོད་པ་ཡིན།
འདྲི་གཅོད་བྱེད་སྐབས་ཕྱོགས་ཞེན་བྱེད་པ་ནི་བཟང་པོ་མིན།
24 མི་ངན་ལ་ ཁྱེད་ལ་དྲང་བདེན་ཡོད ཅེས་ཟེར་མཁན་ལ།
མི་རིགས་ཀུན་ཀྱིས་དམོད་མོ་རྒྱག རྒྱལ་དམངས་ཀུན་གྱིས་སྐྱོན་བརྗོད་བྱེད།
25 འོན་ཀྱང་མི་ངན་ལ་སྐྱོན་བརྗོད་བྱེད་མཁན་གྱི་བྱ་བ་བདེ་རླག་ཏུ་འགྲོ།
ཁོ་ཚོར་བསོད་ནམས་ལྡན་པའི་བྱ་དངོས་ལེགས་པ་འཐོབ།
26 མི་རྣམས་ཀྱིས་ལན་དྲང་པོ་རྒྱག་མཁན་ལ་བརྩི་འཇོག་བྱེད།
27 ཁྱོད་ཀྱིས་ཕྱི་ལ་ལས་ཀའི་གྲ་སྒྲིག་དགོས། ཞིང་ཁར་དོན་ཐམས་ཅད་བཀོད་སྒྲིག་བྱེད་དགོས།
དེ་ནས་རང་ཉིད་ཀྱི་ཁང་པ་སྐྲུན་དང་།
28 དཔང་རྟགས་མེད་པར་ཉེ་འཁོར་གྱི་མི་ལ་སྐྱོན་འཛུགས་བྱེད་མི་ཆོག
མི་ལ་མགོ་སྐོར་གཏང་བའི་ཆེད་དུ་སྐད་ཆ་བཤད་མི་ཆོག
29 “ཁོས་ང་ལ་གང་བྱས་པ་ལྟར་ངས་ཀྱང་ཁོ་ལ་བྱེད་དགོས།
ངས་ཁོ་ལ་དགྲ་ཤ་ལེན་དགོས” ཞེས་ཟེར་མི་ཆོག
30 ང་ལེ་ལོ་ཅན་གྱི་ཞིང་ཁའི་འཁྲིས་དང་།
རྨོངས་པའི་རྒུན་འབྲུམ་ལྡུམ་རའི་འཁྲིས་སུ་ཕྱིན།
31 དེར་རྩྭ་ཡན་གྱིས་ཁེངས་པ་དང་།
ས་ངོས་ཀྱང་ཟྭ་ཚོད་ཀྱིས་ཁེབས་པ་མཐོང་།
རྡོ་རྩིག་ཀྱང་ཉིལ་ཡོད།
32 དེ་མཐོང་ནས་ངས་སེམས་ལ་ངེས་པ་ཡིན།
དེ་བལྟས་ནས་བསླབ་བྱ་ཐོབ་བྱུང་།
33 ཏོག་ཙམ་གཉིད་ཉལ། ཏོག་ཙམ་གཉིད་ཁུག
ཡང་ཏོག་ཙམ་ལག་པ་བསྒྲིམས་ནས་ངལ་གསོ་རྒྱག
34 དེ་ལྟར་བྱས་ན་དབུལ་ཕོངས་ཇག་པ་ལྟར།
ཉམ་ཐག་པའི་གནས་སྟངས་ཆོམ་རྐུན་ལྟར་སླེབ།



