ལེགས་བཤད་ལེའུ་ཉི་ཤུ་རྩ་གསུམ་པ།
Proverbs 23
1 གལ་སྲིད་ཁྱོད་ཀྱིས་རྒྱལ་པོ་ཞིག་དང་མཉམ་དུ་ཁ་ལག་ཟ་དགོས་བྱུང་ན།
རང་ཉིད་ཀྱི་གནས་བབ་ལ་བསམ་བློ་གཟབ་ནན་གཏོང་དགོས།
2 གལ་སྲིད་ཁྱོད་ཟ་འདོད་ཆེན་པོ་ཡོད་ན།
མིད་པར་གྲི་ཞིག་གཞག་དགོས།
3 རྒྱལ་པོའི་བྲོ་ཞིམ་ཟས་རིགས་ཟ་རྔམ་བྱེད་མི་ཆོག
དེ་ཚོ་ནི་མི་ལ་མགོ་སྐོར་གཏོང་བའི་བཟའ་ཆས་ཡིན།
4 ནུས་ཤུགས་ཡོད་ཚད་བཏང་ནས་རྒྱུ་ནོར་ལ་དོན་གཉེར་བྱེད་མི་ཆོག
མཚམས་བཞག་ནས་གོ་རྟོགས་སད་པ་མཚོན་དགོས།
5 ཁྱོད་ཀྱི་མིག་རྒྱུ་ནོར་ལ་བལྟས་ན་དེར་རྒྱུ་ནོར་མེད།
རྒྱུ་ནོར་ལ་གཤོག་པ་སྐྱེས་ནས་བྱ་གླག་ལྟར་གནམ་ལ་འཕུར་འགྲོ་གི་རེད།
6 སེར་སྣ་ཅན་གྱི་བཟའ་ཆས་ཟ་མི་ཆོག
མི་དེའི་བྲོ་ཞིམ་ཟས་རིགས་ལ་ཟ་རྔམ་བྱེད་མི་ཆོག
7 ཁོ་ནི་རྩིས་ཐོ་འགོད་མཁན་ལྟར་ཡིན།
ཁོས་ “ཟོ་དང་། འཐུངས་དང” ཞེས་བཤད་ཀྱང་ཁ་ཞེ་མཚུངས་མེད།
8 རྗེས་ལ་ཁྱོད་ཀྱིས་བཟས་ཚར་བའི་བཟའ་ཆས་ཉུང་ཟད་ཡང་སྐྱུག
ཁྱོད་ཀྱིས་བཤད་པའི་ངོ་བསྟོད་ཀྱི་སྐད་ཆ་ཚང་མ་སྟོང་ཟད་རེད།
9 གླེན་པ་ལ་བསླབ་བྱ་སྟོན་མི་ཆོག
ཁོས་ཁྱོད་ཀྱིས་བཤད་པའི་ཤེས་རབ་ལ་བརྩི་མཐོང་བྱེད་མི་སྲིད།
10 གནའ་བོའི་ས་མཚམས་ཀྱི་རྟགས་སྤོ་མི་ཆོག
ཕ་མེད་པའི་བུ་ཕྲུག་རྣམས་ཀྱི་ཞིང་ཁ་ལ་འཛུལ་མི་ཆོག
11 གང་ཡིན་ཟེར་ན་ཁོ་ཚོར་རྒྱབ་སྐྱོར་གནང་མཁན་དཀོན་མཆོག་ལ་ནུས་ཤུགས་ཆེན་པོ་ཡོད།
ཁོང་གིས་ཁྱོད་ལ་ཁ་གཏད་ནས་ཁོ་ཚོ་རྒྱབ་སྐྱོར་གནང་།
12 ཁྱོད་ཀྱིས་སེམས་གཏིང་ནས་སྦྱོང་བརྡར་དང་ལེན་བྱེད་དགོས།
རྣ་བ་གཏད་ནས་ཤེས་ཡོན་ལྡན་པའི་བསླབ་བྱ་ལ་ཉན་དགོས།
13 ཁྱོད་ཀྱིས་བུ་ཕྲུག་ངེས་པར་དུ་གཅུན་དགོས།
དབྱུག་པས་བརྡུངས་ན་ཁོ་ཚེ་སྲོག་ཤོར་མི་སྲིད།
14 དབྱུག་པས་ཁོ་རྡུང་དགོས།
དུར་ས་ནས་ཁོ་སྐྱོབ་པའི་ཆེད་དུ་ཡིན།
15 ངའི་བུ། གལ་སྲིད་ཁྱོད་ཀྱི་སེམས་ལ་ཤེས་རབ་ཐོབ་ན།
ངའི་སེམས་ལ་དགའ་སྤྲོ་སྐྱེ།
16 ཁྱོད་ཀྱི་ཁ་ཡིས་སྐད་ཆ་ཡང་དག་པ་བཤད་སྐབས།
ང་སེམས་གཏིང་ནས་དགའ་ཚོར་བྱེད།
17 ཁྱོད་ཀྱི་སེམས་སྡིག་ཉེས་ཅན་ལ་ཡིད་སྨོན་མ་སྐྱེ་བ་བྱེད་དགོས།
ཉིན་ཁང་ཡ་ཧོ་ཝཱར་གུས་བརྩི་ཞུ་དགོས།
18 དེ་ལྟར་བྱས་ན་ཁྱོད་ལ་མདུན་ལམ་ཡོད།
ཁྱོད་ཀྱི་རེ་བ་སྟོང་ཟད་དུ་འགྲོ་མི་སྲིད།
19 ངའི་བུ། ཤེས་རབ་འཐོབ་པའི་ཆེད་དུ་ཉོན་དང་།
རང་ཉིད་ཀྱི་སེམས་ཡང་དག་པའི་ལམ་དུ་ཁྲིད་དང་།
20 ཨ་རག་མང་དྲགས་འཐུང་མཁན་དང་།
ཤ་ལ་ཟ་རྔམ་བྱེད་མཁན་གྱི་ཁྲོད་དུ་མ་སྡོད་ཅིག
21 ར་བཟི་མཁན་དང་ཟས་ལ་རྔམ་མཁན་ནི་དབུལ་ཕོངས་སུ་འགྱུར།
གཉིད་ཀྱིས་བཟི་མཁན་ནི་གྱོན་ཆས་ཧྲལ་ཧྲིལ་གྱོན།
22 ཁྱོད་སྐྱེས་སུ་བཅུག་པའི་ཕ་ཡི་ཁ་ལ་ཉན་དགོས།
ཨ་མ་རྒད་ནའང་མཐོང་ཆུང་བྱེད་མི་ཆོག
23 བདེན་དོན་ཉོས་དང་། ནམ་ཡང་འཚོང་མི་ཆོག
ཤེས་རབ་དང་སྦྱོང་བརྡར་དང་གོ་རྟོགས་ཀྱི་ནུས་རྩལ་བཅས་ཚང་མ་ཉོ་དགོས་པ་ལས་འཚོང་མི་ཆོག
24 དྲང་བདེན་གྱི་མིའི་ཕ་དགའ་སྤྲོ་སྐྱེ།
བུ་ཤེས་རབ་ཅན་ཞིག་བྱུང་ན་ཁོའི་ཕ་དགའ་ཚོར་བྱེད།
25 ཁྱོད་ཀྱི་ཕ་མ་དགའ་ཚོར་བྱེད།
ཁྱོད་སྐྱེས་པའི་ཨ་མ་དགའ་སྤྲོ་སྐྱེ།
26 ངའི་བུ། ཁྱོད་ཀྱི་སེམས་ང་ལ་གཏད་དང་།
ཁྱོད་ཀྱི་མིག་ངའི་ལམ་ལ་ལྟ་བར་དགའ་པོ་བྱེད་པར་ཤོག
27 སྨད་འཚོང་མ་ནི་དོང་གཏིང་ཟབ་མོ་ཞིག་ཡིན།
ཚུལ་མིན་བུད་མེད་ནི་ཁྲོན་པ་དོག་པོ་ཞིག་ཡིན།
28 ཁོ་མོ་ཇག་པ་ལྟར་ལྐོག་ཏུ་བསྒུགས་ནས།
སྐྱེས་པ་མང་པོར་ལྷག་བསམ་ཤོར་དུ་བཅུག
29 གནོད་སྐྱོན་ཐེབས་མཁན་སུ་ཡིན། སེམས་ཁྲལ་བྱེད་མཁན་སུ་ཡིན།
ཁ་རྩོད་རྒྱག་མཁན་སུ་ཡིན། འཁང་ར་བྱེད་མཁན་སུ་ཡིན།
རྒྱུ་རྐྱེན་མེད་པར་རྨ་ཁ་ཐེབས་མཁན་སུ་ཡིན། མིག་རབ་རིབ་ཅན་སུ་ཡིན།
30 རྒུན་འབྲུམ་ཨ་རག་ལ་དབྱིངས་ཞུགས་པའི་མི།
དྲི་ཞིམ་སྨན་སྣ་བསྲེས་པའི་ཆང་རག་གང་སར་འཚོལ་མཁན་ཡིན།
31 ཕོར་པའི་ནང་ནས་འོད་འཕྲོ་ཞིང་མིད་པར་འཇམ་པོར་བབ་ཀྱང་།
རྒུན་འབྲུམ་ཨ་རག་གི་ཚོས་གཞི་དམར་པོ་ལ་ལྟ་མི་ཆོག
32 མཐའ་མར་དེས་སྦྲུལ་ལྟར་ཁྱོད་ལ་སོ་རྒྱག
དུག་སྦྲུལ་ལྟར་དུག་འཐོན།
33 ཁྱོད་ཀྱི་མིག་གནས་ཚུལ་ཁྱད་མཚར་པོ་མཐོང་།
ཁྱོད་ཀྱི་སེམས་ཁུངས་ལུང་མེད་པའི་སྐད་ཆ་བཤད།
34 ཁྱོད་ནི་རྒྱ་མཚོའི་དཀྱིལ་དུ་ཉལ་མཁན་ལྟར་འགྱུར།
གཡོར་མོའི་ཤིང་གི་སྟེང་དུ་ཉལ་མཁན་ལྟར་ཡིན།
35 མིས་ང་བརྡུངས་ཀྱང་སྣང་བ་མ་བྱུང་།
མིས་ང་བརྡེགས་ཀྱང་ཧ་གོ་མ་སོང་།
ང་ག་དུས་གཉིད་ལས་སད་དམ།
ངས་ད་དུང་ཕོར་པ་གང་འཐུང་དགོས།



