ལེགས་བཤད་ལེའུ་ཉི་ཤུ་རྩ་གཉིས་པ།

Proverbs 22


1 རྒྱུ་ནོར་འབོར་ཆེན་ལས་མཚན་སྙན་འདམ་དགོས།

     བརྩི་འཇོག་འཐོབ་པ་ནི་གསེར་དངུལ་འཐོབ་པ་ལས་ལྷག

2 མི་ཕྱུག་པོ་དང་དབུལ་པོ་ལ་འདྲ་ས་གཅིག་ཡོད།

     གཉིས་ཀ་ཡ་ཧོ་ཝཱས་བསྐྲུན་པ་རེད།

3 མི་སྤྱང་པོས་ཉེན་ཁ་མཐོང་ན་གབ་བྱོལ་བྱེད།

     འོན་ཀྱང་ཉམས་མྱོང་མེད་པའི་མི་ནི་མུ་མཐུད་མདུན་སྐྱོད་བྱས་ནས་རྗེས་འབྲས་ངན་པ་མྱང་།

4 སྙམས་ཆུང་ངང་ཡ་ཧོ་ཝཱར་གུས་བརྩི་ཞུས་ན།

     རྒྱུ་ནོར་དང་གཟི་བརྗིད་དང་ཚེ་སྲོག་འཐོབ།

5 གཡོ་སྒྱུ་ཅན་གྱི་ལམ་ཐོག་དུ་ཚེར་མ་དང་རྙི་ཡོད།

     རང་སྲོག་གཅེས་སྤྲད་བྱེད་མཁན་ནི་དེ་ཚོ་དང་ཐག་རིང་དུ་བྲལ།

6 ཡང་དག་པའི་ལམ་ཐོག་ཏུ་འགྲོ་བར་ཕྲུ་གུ་ལ་སྦྱོང་བརྡར་སྤྲོད་ཅིག

     ལོ་ན་རྒས་ནའང་ཁོ་དེ་དང་ཁ་མི་བྲལ།

7 ཕྱུག་པོས་དབུལ་པོ་ལ་དབང་སྒྱུར་བྱེད།

     བུ་ལོན་ཆད་མཁན་ནི་བུན་བདག་གི་གཡོག་པོ་ཡིན།

8 དྲང་བདེན་མིན་པའི་ས་བོན་གཏོར་ན་ཆག་སྒོ་རྔ་བསྡུ་བྱེད།

     ཁོའི་ཁོང་ཁྲོའི་དབྱུག་པ་གཏོར་བརླག་ཏུ་འགྲོ།

9 གཏོང་ཕོད་ཅན་ལ་བསོད་ནམས་འཐོབ།

     གང་ཡིན་ཟེར་ན་ཁོ་ཚོས་དབུལ་པོ་དང་མཉམ་དུ་ཟ་ཆས་མཉམ་སྤྱོད་བྱེད།

10 འཕྱ་སྨོད་བྱེད་མཁན་ཕྱིར་ཕུད་གཏོང་དགོས།

     རྩོད་གཞི་མེད་པར་གྱུར་ནས་ཁ་རྩོད་དང་དམའ་འབེབས་ཡང་མཚམས་ཆད།

11 ལྷེད་མེད་ཀྱི་སེམས་ལ་དགའ་ཞིང་གཏམ་སྙན་པོ་བཤད་མཁན།

     མི་དེ་རྒྱལ་པོ་དང་གྲོགས་པོ་སྒྲིག་ཐུབ།

12 ཡ་ཧོ་ཝཱའི་མིག་གིས་ཤེས་ཡོན་སྲུང་།

     དཀོན་མཆོག་གིས་གཡོ་སྒྱུ་ཅན་གྱི་སྐད་ཆར་ཕམ་ཉེས་གཏོང་།

13 ལེ་ལོ་ཅན་གྱིས་ “ཕྱི་ལ་སེང་གེ་འདུག

     ང་ཐང་ཆེན་གྱི་དཀྱིལ་དུ་ཤི་གི་རེད” ཅེས་བཤད།

14 ཚུལ་མིན་བུད་མེད་ཀྱི་ཁ་ནི་ས་དོང་གཏིང་ཟབ་མོ་ཡིན།

     ཡ་ཧོ་ཝཱའི་སྐྱོན་བརྗོད་ཐེབས་མཁན་དེའི་ནང་དུ་ལྷུང་།

15 ཕྲུ་གུའི་སེམས་ལ་གླེན་རྟགས་འབྱར་ཡོད།

     ཕྲུ་གུ་གཅུན་པའི་དབྱུགས་པས་གླེན་རྟགས་དེ་ཚོ་ཐག་རིང་དུ་འཕུད།

16 དབུལ་པོར་མགོ་སྐོར་བཏང་ནས་རྒྱུ་ནོར་འཐོབ་མཁན་དང་།

     ཕྱུག་པོར་ལག་རྟགས་སྤྲོད་མཁན་ནི།

     མཐར་ཐུག་དབུལ་ཕོངས་སུ་འགྱུར།

17 རྣ་བ་གཏད་ནས་ཤེས་རབ་ཅན་གྱི་སྐད་ཆ་ལ་ཉོན་དང་།

     སེམས་གཏིང་ནས་ངའི་ཤེས་ཡོན་དང་ལེན་བྱེད་པའི་ཆེད་དུ་ཡིན།

18 སྐད་ཆ་དེ་ཚོ་སེམས་གཏིང་དུ་བཞག་ན་སྤྲོ་སྣང་སྐྱེ།

     དེ་ལྟར་བྱས་ན་ཁྱོད་ཀྱིས་རྟག་དུ་དེ་ཚོ་ཐམས་ཅད་བཤད་ཐུབ།

19 ཁྱོད་ཀྱིས་ཡ་ཧོ་ཝཱར་ཡིད་ཆེས་བྱེད་པའི་ཆེད་དུ།

     ངས་དེ་རིང་ཁྱོད་ལ་ཤེས་ཡོན་སྤྲོད།

20 ངས་ད་བར་ཁྱོད་ལ་འབེལ་གཏམ་བྲིས་ནས།

     བསླབ་བྱ་དང་ཤེས་ཡོན་སྤྲད།

21 ཁྱོད་ལ་ཚིག་བདེན་པ་དང་བློས་འཁེལ་ཆོག་པ་ཞིག་བསླབས།

     དེ་ལྟར་ཁྱོད་བཏང་མཁན་ལ་སྙན་སང་ཡང་དག་པ་ཞུ་ཐུབ།

22 དབུལ་པོའི་དབུལ་ཕོངས་ཀྱི་སྐབས་དང་བསྟུན་ནས་ཁོ་ནས་འཕྲོག་མི་ཆོག

     གྲོང་ཁྱེར་གྱི་རྒྱ་སྒོའི་འཁྲིས་སུ་གོ་ས་དམའ་བའི་མི་ལ་དབང་ཡོད་བྱེད་མི་ཆོག

23 ཡ་ཧོ་ཝཱ་ཁོང་གིས་ཁོ་ཚོར་རྒྱབ་སྐྱོར་གནང་།

     ཁོང་གིས་དབུལ་པོ་ནས་གཡོ་ལེན་བྱེད་མཁན་གྱི་ཚེ་སྲོག་འཕྲོག

24 རླུང་ལང་བདེ་བའི་མི་དང་འབྲེལ་བ་བྱེད་མི་ཆོག

     ཁོང་ཁྲོ་ལང་བདེ་བའི་མིའི་ཁྲོད་དུ་ཚུད་མི་ཆོག

25 ཁོ་ཚོའི་སྤྱོད་ལམ་ལ་སློབ་སྦྱོང་བྱས་ནས།

     རྙི་ལ་མ་ཚུད་པ་བྱེད་དགོས།

26 བུ་ལོན་ཆད་མཁན་གྱི་ཆེད་དུ་ལག་པ་བཏང་ནས་ཁག་ཐེག་བྱེད་མི་ཆོག

     མི་དེའི་ཆེད་དུ་གཏའ་མ་སྤྲོད་མི་ཆོག

27 གལ་སྲིད་ཁྱོད་འཇལ་ཐབས་བྲལ་ན།

     མིས་ཁྱོད་ཉལ་ཡོད་པའི་ཉལ་ཁྲི་ཡང་ལེན།

28 མེས་པོ་རྣམས་ཀྱིས་གཏན་འཁེར་བྱས་པའི་ས་མཚམས་ཀྱི་རྟགས་སྤོ་མི་ཆོག

29 ཁྱོད་ཀྱིས་ལག་རྩལ་བྱང་ཆུབ་པའི་མི་མཐོང་མྱོང་ཡོད་དམ།

     མི་དེ་རྒྱལ་པོ་རྣམས་ཀྱི་མདུན་དུ་ལང་བ་ལས།

     མི་དཀྱུས་མའི་མདུན་དུ་ལང་མི་སྲིད།