ལེགས་བཤད་ལེའུ་ཉི་ཤུ་རྩ་གཅིག་པ།

Proverbs 21


1 རྒྱལ་པོའི་སེམས་ནི་ཡ་ཧོ་ཝཱའི་ལག་པ་ནང་དུ་རྒྱུག་པའི་ཆུ་དང་འདྲ།

     ཁོང་གིས་དེ་ཁོང་གི་དགོངས་པ་ལྟར་ཕྱོགས་གང་དུ་ཡང་འདྲེན་ཐུབ།

2 མིས་བསམ་པར་རང་ཉིད་ཀྱི་སྤྱོད་ལམ་ཐམས་ཅད་ཡང་དག་པ་ཡིན་བསམ།

     འོན་ཀྱང་ཡ་ཧོ་ཝཱས་མིའི་སེམས་ཞིབ་བཤེར་གནང་།

3 དྲང་བདེན་དྲང་གཞག་བྱེད་པ་དེས།

     དམར་མཆོད་ལས་ཡ་ཧོ་ཝཱར་དགའ་སྤྲོ་སྐྱེད།

4 ལྟ་བ་མཐོ་བའི་མིག་དང་ང་རྒྱལ་གྱི་སེམས་ནི།

     མི་ངན་ལ་ལམ་སྟོན་བྱེད་པའི་སྒྲོན་མེ་ཡིན་ལ། སྡིག་པ་ཞིག་ཡིན།

5 ལས་ལ་བརྩོན་པའི་མིའི་འཆར་གཞི་ནི་ངེས་པར་དུ་གྲུབ་འབྲས་འཐོན།

     འོན་ཀྱང་བྲེལ་འཚུབ་ལང་མཁན་ཚང་མ་ངེས་པར་དུ་དབུལ་ཕོངས་སུ་འགྱུར།

6 སྐྱགས་རྫུན་བཤད་པའི་ལྕེ་བེད་སྤྱད་ནས་ཐོབ་པའི་རྒྱུ་ནོར་ནི།

     ཡལ་འགྲོ་བའི་སྨུག་པ་དང་སྲོག་ལ་ཐུག་པའི་རྙི་དང་འདྲ།

7 མི་ངན་གྱི་དྲག་སྤྱོད་ཀྱིས་ཁོ་ཚོ་རང་ཉིད་མེད་པ་བཟོ།

     གང་ཡིན་ཟེར་ན་ཁོ་ཚོས་དྲང་གཞག་བྱེད་འདོད་མེད།

8 སྡིག་ཉེས་ཅན་གྱི་ལམ་ཁ་ནི་ཀྱག་ཀྱོག་ཡིན།

     སེམས་པ་རྣམ་དག་གི་མིའི་སྤྱོད་ལམ་ནི་དྲང་པོ་ཡིན།

9 ཁ་རྩོད་རྒྱག་པར་དགའ་བའི་ཆུང་མ་དང་མཉམ་དུ་ཁང་པ་གཅིག་ནང་སྡོད་པ་ལས།

     ཐོག་ཁའི་ཟུར་དུ་བསྡད་ན་དགའ།

10 མི་ངན་གྱིས་བྱ་ངན་ལ་ཞེན་ཆགས་ནས།

     ཉེ་འཁོར་གྱི་མི་ལ་སེམས་བཟང་མི་བྱེད།

11 འཕྱ་སྨོད་བྱེད་མཁན་ལ་ཆད་པ་ཕོག་ན་ཉམས་མྱོང་མེད་པའི་མི་ལ་ཤེས་རབ་འཐོབ།

     ཤེས་རབ་ཅན་གྱིས་གནས་ལུགས་རྒྱུ་མཚན་ཤེས་ན་ཤེས་ཡོན་ཡང་འཐོབ།

12 དྲང་བདེན་གྱི་དཀོན་མཆོག་གིས་མི་ངན་ཀྱི་ཁང་པར་གཟིགས་ཞིབ་གནང་།

     ཁོང་གིས་མི་ངན་རྣམས་རྩ་མེད་གཏོང་།

13 མི་ཉམ་ཐག་གི་སྐྱབས་འཇུག་ལ་མ་ཉན་ན།

     རྗེས་མ་སོ་སོས་སྐྱབས་འཇུག་ཞུས་ན་ཡང་ལན་རྒྱག་མཁན་མེད།

14 སྐོག་ཏུ་ལག་རྟགས་སྤྲད་ན་ཁོང་ཁྲོ་ཞི་རུ་བཅུག་ཐུབ།

     ལྐོག་རྔན་སྟེར་ན་ཁོང་ཁྲོའི་མེ་ལྕེ་ཞི་རུ་བཅུག་ཐུབ།

15 དྲང་བདེན་གྱི་མི་ནི་དྲང་གཞག་གི་བྱ་བ་སྒྲུབ་པར་དགའ།

     འོན་ཀྱང་སྤྱོད་ངན་སྤེལ་མཁན་ནི་དྲང་གཞག་ལ་ཞེན་པ་ལོག

16 གནས་ལུགས་རྒྱུ་མཚན་ཤེས་རྟོགས་པའི་སྤྱོད་ལམ་དང་བྲལ་བའི་མི་ནི།

     ཚེ་སྲོག་ཤོར་ཚར་བའི་མི་རྣམས་དང་མཉམ་དུ་ཉལ།

17 སྐྱིད་པོ་གཏོང་བར་དགའ་མཁན་དབུལ་ཕོངས་སུ་འགྱུར།

     ཆང་དང་སྣུམ་ལ་དགའ་མཁན་ཕྱུག་པོར་འགྱུར་མི་སྲིད།

18 མི་ངན་ནི་དྲང་བདེན་གྱི་མི་བླུ་བའི་བླུ་རིན་ཡིན།

     གཡོ་སྒྱུ་ཅན་ནི་མི་དྲང་པོ་རྣམས་ཀྱི་ཚབ་བྱེད་རྒྱུ་རེད།

19 ཁ་རྩོད་རྒྱག་པར་དགའ་བ་དང་རླུང་ལང་བདེ་བའི་ཆུང་མ་དང་མཉམ་དུ་སྡོད་པ་ལས།

     འབྲོག་སྟོང་ལ་བསྡད་ན་དགའ།

20 ཤེས་རབ་ཅན་གྱི་ཁང་པའི་ནང་དུ་རྩ་ཆེན་ནོར་བུ་དང་སྣུམ་ཡོད།

     འོན་ཀྱང་གླེན་པ་རྣམས་ཀྱིས་ཁྱིམ་གཞིས་གཏོང་བརླག་གཏོང་།

21 དྲང་བདེན་དང་འགྱུར་བ་མེད་པའི་བརྩེ་བ་དོན་གཉེར་བྱེད་མཁན་ལ།

     ཚེ་སྲོག་དང་དྲང་བདེན་དང་གཟི་བརྗིད་འཐོབ།

22 ཤེས་རབ་ཅན་དཔའ་བོ་རྣམས་ཀྱི་གྲོང་ཁྱེར་ལ་འཛེག་ཐུབ།

     ཁོ་ཚོས་དཔའ་བོ་རྣམས་ཀྱི་བརྟེན་སའི་སྟོབས་ཤུགས་ཉམས་པར་བྱེད་ཐུབ།

23 ཁ་དང་ལྕེ་གཅུན་པའི་མི་ནི།

     རྙོག་དྲ་དང་བྲལ་ནས་རང་ཉིད་སྲུང་ཡོད།

24 བབ་ཅོལ་དུ་ལས་ཀ་བྱེད་པའི་ཁེངས་དྲེགས་ཅན་ལ།

     ཁེངས་དྲེགས་ང་རྒྱལ་གྱི་འུད་ཤོབ་མཁན་ཟེར།

25 ལེ་ལོ་ཅན་ནི་རང་ཉིད་ཀྱི་འདོད་རྔམ་གྱི་རྐྱེན་པས་ཤི།

     གང་ཡིན་ཟེར་ན་ཁོས་རང་གི་ལག་པ་གཉིད་ལ་བརྟེན་ནས་ལས་ཀ་བྱེད་འདོད་མེད།

26 མི་དེ་ཉིན་གང་ཧམ་འདོད་ཆེ།

     འོན་ཀྱང་དྲང་བདེན་གྱི་མིས་སེར་སྣ་མེད་པར་མི་ལ་སྟེར།

27 མི་ངན་གྱི་དམར་མཆོད་ནི་ཞེན་པ་ལོག་འོས་པ་ཞིག་ཡིན།

     བསམ་ངན་བཅངས་ནས་དེ་ཕུལ་ན་དེ་བས་ཚབས་ཆེ།

28 དཔང་ཚིག་རྫུན་མ་བཤད་པའི་དཔང་པོ་རྩ་མེད་དུ་འགྲོ།

     འོན་ཀྱང་གཟབ་ནན་ངང་ཉན་མཁན་གྱིས་དཔང་ཚིག་བདེན་པ་བཤད།

29 མི་ངན་རྣམས་མཁས་མདོག་ཁག་པོ་བྱེད།

     འོན་ཀྱང་མི་དྲང་པོ་རྣམས་ཁོ་ན་གོམ་པ་བརྟན་པོས་མདུན་དུ་སྐྱོད་ཐུབ།

30 ཡ་ཧོ་ཝཱའི་འགལ་ཟླར་ལངས་ན།

     ཤེས་རབ་དང་དབྱེ་ཞིབ་ཀྱི་ནུས་རྩལ་མེད་ལ། ཐབས་ཇུས་ཀྱང་མེད།

31 མི་རྣམས་ཀྱིས་དམག་འཁྲུག་གི་ཉིན་མོའི་ཆེད་དུ་རྟ་གྲ་སྒྲིག་བྱེད།

     འོན་ཀྱང་མི་སྐྱོབ་མཁན་ནི་ཡ་ཧོ་ཝཱ་ཡིན།