ལེགས་བཤད་ལེའུ་ཉི་ཤུ་པ།
Proverbs 20
1 རྒུན་འབྲུམ་ཨ་རག་གིས་མི་ལ་འཕྱ་སྨོད་བྱེད་དུ་བཅུག མིས་ཨ་རག་བཏུངས་ན་གཅུན་ཐབས་མེད་པར་འགྱུར།
ཆང་རག་བཏུངས་ནས་ལམ་ནོར་ཐེབས་མཁན་ལ་ཤེས་རབ་མེད།
2 ངར་སྐད་རྒྱག་པའི་སེང་གེ་དང་འདྲ་བར་རྒྱལ་པོས་མི་ལ་ཞེད་སྣང་སྐུལ།
རྒྱལ་པོར་ཁོང་ཁྲོ་བསླང་ན་སྲོག་གི་ཉན་ཁ་ཡོད།
3 རྩོད་པ་ལས་གཡོལ་ན་གཟི་བརྗིད་ཡོད།
འོན་ཀྱང་གླེན་པ་རྣམས་ཚང་མ་རྩོད་པའི་ནང་དུ་ཚུད།
4 ལེ་ལོ་ཅན་གྱིས་དགུན་ཁར་ཞིང་ཁ་རྨོས་མེད།
ཁོས་བརྔ་བསྡུ་བྱེད་པའི་སྐབས་སུ་གང་ཡང་མེད་པས་མི་ལ་སློང་མོ་ཞུ།
5 མིའི་སེམས་ནང་གི་བསམ་བློ་ནི་ཆུ་གཏིང་ཟབ་མོ་དང་འདྲ།
དབྱེ་ཞིབ་ཀྱི་ནུས་རྩལ་ཡོད་མཁན་གྱིས་དེ་ལེན་ཐུབ།
6 མི་མང་པོས་རང་ཉིད་འགྱུར་བ་མེད་པའི་བརྩེ་བ་བཅངས་ཡོད་ཟེར།
འོན་ཀྱང་དངོས་གནས་ལྷག་བསམ་བྱེད་མཁན་སུ་ལ་རྙེད་ཐུབ་བམ།
7 དྲང་བདེན་གྱི་མིའི་འགྲོ་ལམ་ནི་ལྷག་བསམ་རྣམ་དག་ཡིན།
མི་དེའི་བུ་རྒྱུད་རྣམས་ལ་བདེ་སྐྱིད་ཡོད།
8 རྒྱལ་པོས་རྒྱལ་ཁྲི་ལ་བཞུགས་ནས་འདྲི་གཅོད་བྱེད།
ནག་ཉེས་ཐམས་ཅད་ཁོང་གི་མིག་ནས་ཐར་མི་ཐུབ།
9 མི་སུ་ཞིག་གིས་“ངས་ངའི་སེམས་དྭངས་གཙང་བཟོས་ཚར།
ང་སྡིག་པ་དང་བྲལ་ཚར” ཞེས་བཤད་ཐུབ་བམ།
10 མི་ལ་མགོ་སྐོར་གཏོང་བའི་རྒྱ་རྡོ་དང་ཡང་དག་མིན་པའི་འཇལ་ཆས།
ཡ་ཧོ་ཝཱ་དེ་ཚོ་གཉིས་ཀར་ཞེན་པ་ལོག
11 ཕྲུ་གུ་ཡང་ཁོའི་བྱ་སྤྱོད་ལ་བལྟས་ན།
ཁོའི་སྤྱོད་ལམ་གཙང་མ་དང་ཡང་དག་པ་ཡིན་མིན་ཤེས་ཐུབ།
12 གོ་ཐུབ་པའི་རྣ་བ་དང་མཐོང་ཐུབ་པའི་མིག
གཉིས་ཀ་ཡ་ཧོ་ཝཱས་བསྐྲུན་པ་ཡིན།
13 གཉིད་ཉལ་རྒྱུར་ཞེན་ཆགས་བྱེད་མི་ཆོག ཁྱོད་དབུལ་ཕོངས་སུ་འགྱུར་ཡོང་།
མིག་གདངས་ཤིག དེ་ལྟར་བྱས་ན་ཟ་ཆས་འདང་ངེས་འཐོབ།
14 ཉོ་མཁན་གྱིས་ “འདི་ཡག་པོ་མི་འདུག ཡག་པོ་མི་འདུག” ཟེར།
འོན་ཀྱང་ཁོས་ཉོས་ཚར་ནས་ཕྱིན་པའི་རྗེས་སུ་རང་ཉིད་ངོམ།
15 གསེར་དང་བྱུ་རུ་མོང་པོ་ཡོད་ན་ཡང་།
ཤེས་ཡོན་ལྡན་པའི་མཆུ་ཏོ་ནི་རྩ་ཆེན་པོ་ཡོད།
16 ཕྱི་མིའི་ཁག་ཐེག་བྱས་མཁན་ནས་ཁོའི་ཕྱི་གོས་ལེན་ཞིག
ཕྱི་རྒྱལ་གྱི་བུད་མེད་ཀྱི་ཆེད་དུ་ཁག་ཐེག་བྱས་མཁན་ཡིན་ན་ཁོ་ནས་གཏའ་མ་ལེན་ཞིག
17 མི་ཁ་ཅིག་ནི་མགོ་སྐོར་གཡོ་ལེན་བྱས་པའི་བག་ལེབ་ཞིམ་པོ་ཡོད་བསམས་ཀྱང་།
རྗེས་སུ་ཁོའི་ཁ་ནང་རྡོ་ཧྲུག་གིས་ཁེང་།
18 ཕན་ཚུན་གྲོས་བསྡུར་བྱས་ན་འཆར་གཞི་ལེགས་འགྲུབ་འཐོབ།
ཐབས་མཁས་པའི་བཀོད་འདོམས་ལ་ཉན་ནས་དམག་འཐབ་བྱེད་དགོས།
19 དམའ་འབེབས་གཏོང་མཁན་གྱིས་གསང་དོན་གང་སར་ཕྱིར་བསྒྲགས་བྱེད།
ཆོ་མེད་པའི་སྐད་ཆ་བཤད་པར་དགའ་མཁན་དང་འབྲེལ་བ་བྱེད་མི་ཆོག
20 ཕ་མ་ལ་དམོད་མོ་རྒྱག་མཁན་ནི།
ཁོའི་སྒྲོན་མེ་མུན་ནག་འཐིབས་སྐབས་ཤི་བར་འགྱུར།
21 མི་ཡིས་ཧམ་པ་བྱས་ནས་རྒྱུ་ནོར་ཐོབ་ནའང་།
མཐར་ཐུག་བསོད་ནམས་ལོངས་སྤྱོད་བྱེད་ས་མེད།
22 “ང་རང་གིས་དགྲ་ཤ་ལེན་དགོས” ཞེས་ཟེར་མི་ཆོག
ཡ་ཧོ་ཝཱ་ལ་རེ་ལྟོས་བྱེད་དགོས། དེ་ལྟར་བྱས་ན་ཁོང་གིས་ཁྱོད་སྐྱོབ།
23 ཡ་ཧོ་ཝཱས་མི་ལ་མགོ་སྐོར་གཏོང་བའི་རྒྱ་རྡོ་ལ་ཞེན་པ་ལོག
ཡང་དག་མིན་པའི་རྒྱ་སྲང་ནི་བཟང་པོ་མིན།
24 ཡ་ཧོ་ཝཱས་མི་ལ་ལམ་སྟོན་གནང་།
མི་ཞིག་གིས་གང་འདྲ་བྱས་ནས་སོ་སོའི་འགྲོ་ལམ་ཤེས་རྟོགས་བྱེད་ཐུབ་བམ།
25 མི་ཞིག་གིས་བབ་ཅོལ་གྱིས་“འདི་དཀོན་མཆོག་ལ་ཕུལ་རྒྱུའི་འབུལ་བ་ཡིན” ཞེས་བཤད་ཚར་ནས།
རྗེས་སུ་དམ་བཅའི་སྐོར་བསམ་བློ་བཏང་བ་དེ་མིའི་རྙི་ཞིག་ཡིན།
26 ཤེས་རབ་ལྡན་པའི་རྒྱལ་པོས་མི་ངན་རྣམས་འཚག
ཁོ་ཚོའི་སྟེང་དུ་འབྲུ་འདོན་འཁོར་ལོ་རྒྱུག
27 མིའི་དབུགས་ནི་ཡ་ཧོ་ཝཱའི་སྒྲོན་མེ་དང་འདྲ།
མིའི་སེམས་གཏིང་དུ་ཡོད་པའི་བསམ་ཚུལ་མངོན།
28 འགྱུར་བ་མེད་པའི་བརྩེ་བ་དང་ལྷག་བསམ་གྱིས་རྒྱལ་པོར་སྲུང་སྐྱོབ་བྱེད།
རྒྱལ་པོས་འགྱུར་བ་མེད་པའི་བརྩེ་སེམས་ལ་བརྟེན་ནས་རྒྱལ་ཁྲི་རྒྱུན་འཁྱོངས་བྱེད།
29 ནུས་ཤུགས་ནི་ན་གཞོན་ཚོའི་གཟི་བརྗིད་ཡིན།
སྐྲ་དཀར་པོ་ནི་རྒན་འཁོགས་ཀྱི་འོད་མདངས་ཡིན།
30 སྨུག་ཐིག་དང་རྨ་ཁ་གིས་ངན་པ་གཙང་སེལ་བྱེད་ཐུབ།
ཉེས་རྡུང་གིས་མིའི་སེམས་ཀྱི་གཏིང་དྭངས་གཙང་བཟོ་ཐུབ།



