ལེགས་བཤད་ལེའུ་བཅུ་དགུ་པ།
Proverbs 19
1 དབུལ་པོ་ཡིན་ནའང་ལྷག་བསམ་རྣམ་དག་བྱེད་མཁན་ནི།
རྫུན་གཏམ་བཤད་པའི་གླེན་པ་ལས་ལྷག
2 མི་ལ་ཤེས་ཡོན་མེད་ན་ཡག་པོ་མེད།
ཧོལ་རྒྱུག་གིས་བྱ་བ་བྱས་ན་སྡིག་པ་བསག
3 མི་ཡིས་རང་ཉིད་ཀྱི་བླུན་རྨོངས་ཀྱིས་རྐྱེན་པས་ལམ་ནོར་ཐེབས།
འོན་ཀྱང་མི་དེའི་སེམས་ཡ་ཧོ་ཝཱ་ལ་ཁོང་ཁྲོ་ཟ།
4 རྒྱུ་ནོར་གྱིས་གྲོགས་པོ་མང་པོ་འགུག
འོན་ཀྱང་དབུལ་པོ་ཡིན་ན་གྲོགས་པོ་གཅིག་བུས་ཀྱང་ཁོ་དབྱུག
5 རྫུན་གཏམ་བཤད་པའི་དཔང་པོར་ངེས་པར་དུ་ཉེས་ཆད་ཕོག
རྫུན་གཏམ་རྐྱང་རྐྱང་བཤད་མཁན་ཉེས་ཆད་ལས་ཐར་མི་ཐུབ།
6 མི་མང་པོས་གོ་ས་མཐོ་བའི་མིའི་གཟིགས་སྐྱོང་ཐོབ་ན་བསམ།
མི་ཚང་མས་ལག་རྟགས་སྤྲོད་མཁན་གྱི་གྲོགས་པོ་བྱེད་འདོད་ཡོད།
7 དབུལ་པོའི་སྤུན་ཟླ་ཚང་མས་ཁོ་ལ་ཞན་པ་ལོག
གྲོགས་པོ་རྣམས་དེ་བས་ཁོ་ལས་གཡོལ།
ཁོས་མི་དེ་ཚོ་བཙལ་ནས་སྐྱབས་འཇུག་ཞུས་ཀྱང་ཁ་ཡ་བྱེད་མཁན་གཅིག་ཀྱང་མེད།
8 བློ་རིག་གསལ་པོ་ཐོབ་མཁན་ནི་རང་ཉིད་ལ་བརྩེ་པོ་བྱེད་ཀྱི་ཡོད།
དབྱེ་ཞིབ་ཀྱི་ནུས་རྩལ་གཅེས་སྤྲས་བྱེད་མཁན་ལ་ལེགས་འགྲུབ་འཐོབ།
9 རྫུན་གཏམ་བཤད་པའི་དཔང་པོར་ངེས་པར་དུ་ཉེས་ཆད་ཕོག
རྫུན་གཏམ་རྐྱང་རྐྱང་བཤད་མཁན་རྩ་མེད་དུ་འགྲོ།
10 གླེན་པས་འབྱོར་ཕྱུག་གི་འཚོ་བ་བསྐྱལ་ན་འཚམ་པོ་མིན།
ཞབས་ཕྱི་ཡིས་གཙོ་འཛིན་ལ་དབང་སྒྱུར་བྱས་ན་དེ་བས་འཚམ་པོ་མིན།
11 གནས་ལུགས་རྒྱུ་མཚན་ཤེས་མཁན་ནི་ཁོང་ཁྲོ་ལང་བདེ་པོ་མེད།
ནོར་འཁྲུལ་ཤོར་མཁན་ལ་གུ་ཡངས་བྱེད་པ་ནི་མིའི་སྤྱོད་བཟང་ཡིན།
12 རྒྱལ་པོའི་ཁོང་ཁྲོ་ནི་སེང་གེའི་ངར་སྐད་དང་འདྲ།
འོན་ཀྱང་ཁོང་གི་བཀའ་དྲིན་ནི་རྩི་ཤིང་ལ་འབབ་པའི་ཟིལ་བ་དང་འདྲ།
13 བུ་གླེན་པས་ཕ་ལ་གནོད་འཚེ་གཏང་།
ཁ་རྩོད་རྒྱག་པར་དགའ་བའི་ཆུང་མ་ནི་མཚམས་མ་ཆད་པར་ཆུ་འཛག་པའི་ཐོག་རྩེ་དང་འདྲ།
14 ཁང་པ་དང་རྒྱུ་ནོར་ནི་མེས་པོ་ལས་ཤུལ་འཛིན་བྱེད།
འོན་ཀྱང་བློ་གྲོས་ལྡན་པའི་ཆུང་མ་ནི་ཡ་ཧོ་ཝཱས་གནང་བ་ཡིན།
15 ལེ་ལོ་ཅན་གྱིས་རྟག་པར་གཉིད་ལྗིད་པོ་ཁུག
སྒྱིད་ལུག་བྱས་ན་ངེས་པར་དུ་བཀྲེས་ལྟོགས་མྱང་།
16 བཀའ་ཁྲིམས་ལ་བརྩི་སྲུང་བྱས་ན་རང་ཉིད་ཀྱི་ཚེ་སྲོག་སྲུང་ཐུབ།
སྦྱོད་ལམ་གྱི་མཇུག་འབྲས་ལ་སྣང་བ་མ་བཏང་ན་ཚེ་སྲོག་ཤོར།
17 མི་ཉམ་ཐག་ལ་སེམས་བཟང་བྱས་ན་ཡ་ཧོ་ཝཱར་གཡར་གྱི་ཡོད།
དཀོན་མཆོག་གིས་མི་དེའི་བྱ་སྤྱོད་ལ་གཞིགས་ནས་བྱ་དགའ་གནང་།
18 ད་དུང་རེ་བ་ཡོད་པའི་སྐབས་དང་བསྟུན་ནས་བུ་གཅུན་དགོས།
ཁོ་ཤི་རུ་བཅུག་པའི་ཉེས་འགན་མ་འཁུར་བ་བྱེད་དགོས།
19 རླུང་ལངས་བདེ་བའི་མི་ལ་ངེས་པར་དུ་ཉེས་ཆད་ཕོག
ཁོ་ལ་གུ་ཡངས་བཏང་ན་རྗེས་མར་ཡང་ཡང་དེ་ལྟར་བྱེད་ཀ་མེད་རེད།
20 བསླབ་བྱ་ལ་ཉན་ནས་སྦྱོང་བརྡར་དང་ལེན་བྱེད་དང་།
མ་འོངས་པར་ཤེས་རབ་འཐོབ་པའི་ཆེད་དུ་ཡིན།
21 མིའི་སེམས་ནང་དུ་འཆར་གཞི་མང་པོ་ཡོད།
འོན་ཀྱང་ཡ་ཧོ་ཝཱའི་དགོངས་པ་ཁོ་ན་དངོས་སུ་འགྲུབ།
22 འགྱུར་བ་མེད་པའི་བརྩེ་སེམས་ནི་མིའི་རྩ་ཆེ་བའི་དགེ་མཚན་ཡིན།
རྫུན་གཏམ་བཤད་པ་ལས་དབུལ་པོ་ཡིན་པ་བཟང་།
23 ཡ་ཧི་ཝཱར་གུས་བརྩི་ཞུས་ན་ཚེ་སྲོག་འཐོབ།
མི་དེ་བག་ཕེབས་ངང་ངལ་གསོ་རྒྱག་ཐུབ་ལ། གནོད་འཚེ་མི་ཕོག
24 ལེ་ལོ་ཅན་གྱིས་སྡེར་མར་ལག་པ་བཀྱངས།
འོན་ཀྱང་ཁོས་ཁ་ལ་བཟའ་ཆས་བླུག་པའི་འབད་བརྩོན་ཡང་མི་བྱེད།
25 འཕྱ་སྨོད་བྱེད་མཁན་ལ་བརྡུང་དང་། ཉམས་མྱོང་མེད་པའི་མི་སྤྱང་པོ་ཆགས་པའི་ཆེད་དུ་ཡིན།
གོ་རྟོགས་ཀྱི་ནུས་པ་ཡོད་པའི་མི་ལ་སྐྱོན་བརྗོད་བྱེད་དང་། མི་དེར་ཤེས་ཡོན་དེ་བས་མང་བ་འཐོབ།
26 ཕ་ལ་བརྙས་བཅོས་གཏོང་མཁན་དང་ཨ་མ་ཕྱིར་ཕུས་གཏོང་མཁན་བུ་ནི།
ངོ་ཚ་ཁྲལ་མེད་རང་རེད།
27 ངའི་བུ། གལ་སྲིད་སྦྱོང་བརྡར་དང་ལེན་བྱེད་པ་མཚམས་བཞག་ན།
ཤེས་ཡོན་གྱི་བསླབ་བྱ་དང་ཁ་བྲལ་གྱི་རེད།
28 གཡོ་ཁྲམ་ཅན་གྱི་དཔང་པོས་དྲང་བདེན་ལ་འཕྱ་སྨོད་བྱེད།
མི་ངན་གྱིས་ཁ་གདངས་ནས་བྱ་ངན་ཁྱུར་མིད་གཏོང་།
29 འཕྱ་སྨོད་བྱེད་མཁན་གྱིས་ངེས་པར་དུ་འདྲི་གཅོད་དང་ལེན་བྱེད་རྒྱུ་རེད།
ལྕག་ཚན་གླེན་པའི་རྒྱབ་ལ་གཞུ་བའི་ཆེད་དུ་གྲ་སྒྲིག་བྱས་ཡོད།



