ལེགས་བཤད་ལེའུ་བཅོ་བརྒྱད་པ།
Proverbs 18
1 ཁེར་རྐྱང་དུ་སྡོད་པར་དགའ་མཁན་གྱིས་སྒེར་སེམས་ཆེ་བའི་འདོད་པ་ཁོ་ནར་སེམས་ཁུར་བྱེད།
མི་དེས་ཤེས་རབ་གོ་ཆོད་པོ་གང་ཡང་དང་ལེན་མི་བྱེད།
2 གླེན་པ་ལ་ཤེས་རྟོགས་བྱེད་པའི་འདོད་པ་མེད།
རང་ཉིད་ཀྱི་བསམ་འཆར་ཁོ་ན་བཤད་པར་དགའ།
3 བརྙས་བཅོས་མི་ངན་གྱི་རྗེས་སུ་འདེད།
ཁྲེལ་མེད་ཀྱི་བྱ་བའི་རྗེས་སུ་ངོ་ཚ་འབྲང་།
4 མིའི་ཁ་ནང་གི་གཏམ་ནི་ཆུ་ཟབ་མོ་དང་འདྲ།
ཤེས་རབ་ཀྱི་ཆུ་མིག་ནི་ལང་ལོང་དུ་འཕྱུར་བའི་རྒྱུག་ཆུ་ཡིན།
5 མི་ངན་ལ་ཕྱོགས་ཞེན་བྱེད་མི་ཆོག
དྲང་བདེན་གྱི་མི་ལ་མ་ཉེས་ཁག་གཡོགས་བྱེད་མི་ཆོག
6 གླེན་པའི་གཏམ་གྱིས་ཁ་རྩོད་སློང་།
ཁོའི་ཁ་ཡིས་ཉེས་རྡུང་ཕོག་པ་འགུག
7 གླེན་པའི་ཁ་ཡིས་ཁོ་ལ་ཉམས་རྒུད་གཏོང་།
ཁོའི་མཆུ་ཏོ་ནི་ཁོའི་རང་གི་རྙི་ཡིན།
8 དམའ་འབེབས་གཏོང་མཁན་གྱི་གཏམ་ནི་ཤ་ཚལ་ཞིམ་པོ་དང་འདྲ།
མི་རྣམས་ཀྱིས་ཁྱུར་མིད་བཏང་ནས་གྲོད་ཁོག་ནང་དུ་ལྷུང་།
9 ལེ་ལོའི་ངང་ལས་ཀ་བྱེད་མཁན་ནི།
ཉམས་རྒུད་གཏོང་མཁན་གྱི་སྤུན་ཟླ་ཡིན།
10 ཡ་ཧོ་ཝཱའི་མཚན་ནི་ལྕོག་མཁར་སྲ་བརྟན་པོ་ཞིག་ཡིན།
དྲང་བདེན་གྱི་མི་དེའི་ནང་དུ་བརྒྱུག་ནས་སྲུང་སྐྱོབ་འཐོབ།
11 རྒྱུ་ནོར་ནི་ཕྱུག་པོའི་མཁར་རྫོང་ཡིན།
མི་དེས་བསམ་པར་བདེ་འཇགས་ལྡན་པའི་ལྕགས་རི་ཡིན་བསམ།
12 ཕམ་ཉེས་མ་བྱུང་གོང་ལ་མིའི་སེམས་ང་རྒྱལ་ཆེན་པོ་ཡོད།
གཟི་བརྗིད་མ་ཐོབ་གོང་ལ་མིའི་སེམས་སྙེམས་ཆུང་ཡིན།
13 དོན་དངོས་མ་ཐོས་གོང་ལ་ལན་བརྒྱབ་ན།
དེ་ནི་གླེན་རྟགས་ཞིག་ཡིན་ལ། ངོ་ཚ་ཡོང་།
14 སེམས་ཤུགས་ཡོད་ན་ན་ཚ་མྱོང་སྐབས་སྡུག་རུས་བྱེད་ཐུབ།
འོན་ཀྱང་ཡིད་ཐང་ཆད་ན་སུས་ཨར་བརྟེན་ཐུབ་བམ།
15 གོ་རྟོགས་ཀྱི་ནུས་རྩལ་ཡོད་པའི་མིའི་སེམས་ལ་ཤེས་ཡོན་འཐོབ།
ཤེས་རབ་ཅན་གྱི་རྣ་བས་ཤེས་ཡོན་འཚོལ།
16 ལག་རྟགས་སྤྲད་ན་འགྲོ་ལམ་འབྱེད།
དེས་རླབས་ཆེན་མི་སྣའི་མདུན་དུ་འཁྲིད།
17 ཐོག་མར་གྱོད་དོན་བཤད་མཁན་ལ་ཉན་ན་ཁོས་བཤད་པ་བདེན་པ་ཡིན་བསམ།
འོན་ཀྱང་ཁ་གཏད་ཀྱི་མི་སླེབས་ནས་བརྟག་དཔྱད་མཐར་ཕྱིན་བྱེད།
18 རྒྱན་འཕངས་ན་རྩོད་པ་ཞི་རུ་བཅུག་ཐུབ།
སྟོབས་ཤུགས་ཅན་བར་གྱི་རྩོད་གཞི་ཐག་གཅོད་བྱེད་ཐུབ།
19 སྤུན་ཟླར་ཕོག་ཐུག་བཏང་ན་རྗེས་ལ་མཐུན་སྒྲིག་བྱེད་པ་བཙན་རྗོང་ལེན་པ་ལས་དཀའ།
རྩོད་གཞི་འགའ་ཞིག་ནི་བཙན་རྫོང་གི་གཏན་ཤིང་ལྟར་ཐག་གཅོད་བྱེད་དཀའ་པོ་ཡོད།
20 མིས་བཤད་པའི་གཏམ་གྱི་འབྲས་བུ་མི་དེའི་གྲོད་ཁག་ལ་ཁེངས།
ཁོས་རང་ཉིད་ཀྱིས་བཤད་པའི་སྐད་ཆ་གི་མཇུག་འབྲས་མྱང་།
21 ཤི་གསོན་གཉིས་ཀ་ལྕེ་ཡི་དབང་འོག་ཏུ་ཡོད།
སྐད་ཆ་བཤད་པར་དགའ་ན་དེའི་འབྲས་བུ་ཟ།
22 ཆུང་མ་བཟང་པོ་རྙེད་པའི་མི་ལ་བསོད་ནམས་ཡོད།
མི་དེར་ཡ་ཧོ་ཝཱའི་བཀའ་དྲིན་འཐོབ།
23 དབུལ་པོས་གུས་གུས་ཞུམ་ཞུམ་གྱིས་སྐྱབས་འཇུག་ཞུ།
འོན་ཀྱང་ཕྱུག་པོས་ཡ་ང་སྙིང་རྗེ་མེད་པར་ལེན་འདེབས།
24 ཕན་ཚུན་གནོད་འཚེ་འཁེལ་བའི་རོགས་པ་ཡང་ཡོད།
སྤུན་ཟླ་ལས་སྙིང་ཉེ་བའི་མཛའ་གྲོགས་ཡང་ཡོད།



