ལེགས་བཤད་ལེའུ་བཅུ་བདུན་པ།
Proverbs 17
1 ཞི་བདེ་འཆམ་མཐུན་ངང་བག་ལེབ་སྐམ་པོ་ཞིག་ཟ་བ་ནི་
ཁ་རྩོད་ཀྱིས་ཁེངས་པའི་ཁང་པའི་ནང་ལ་གསོལ་སྟོན་མང་པོ་ཟ་བ་ལས་བཟང་།
2 གནས་ལུགས་རྒྱུ་མཚན་ཤེས་པའི་ཞབས་ཕྱི་ནི་བདག་པོའི་ངོ་ཚ་མེད་པའི་བུ་ལ་དོ་དམ་བྱེད།
ཁོས་བདག་པོའི་བུ་ཕྲུག་རྣམས་ཀྱི་ལྷན་དུ་རྒྱུ་ནོར་ཤུལ་འཛིན་བྱེད།
3 དངུལ་ནི་བཞུ་སྣོད་ནང་དུ་བཞུ། གསེར་ནི་བཞུ་ཐབ་ནང་དུ་བཞུ།
འོན་ཀྱང་མིའི་སེམས་རྟག་དཔྱད་གནང་མཁན་ནི་ཡ་ཧོ་ཝཱ་ཡིན།
4 མི་ངན་གྱིས་མི་ལ་གནོད་འཚེ་སྐྱེལ་བའི་གཏམ་ལ་དོ་སྣང་བྱེད།
གཡོ་སྒྱུ་ཅན་གྱིས་ངན་སེམས་ཀྱི་སྐད་ཆ་ལ་ཉན།
5 དབུལ་ཕོངས་ལ་འཕྱ་དགོད་བྱེད་མཁན་ནི་མི་བཟོ་མཁན་ལ་དམའ་འབེབས་གཏང་གི་ཡོད།
གཞན་སྡུག་སྙིང་ཚིམ་བྱས་ན་ཆད་པ་ཕོག་ངེས་ཡིན།
6 ཚ་བོ་རྣམས་ནི་རྒན་འཁོགས་ཀྱི་དབུ་རྒྱན་ཡིན།
ཕ་རྣམས་ནི་བུ་རྣམས་ཀྱི་གཟི་བརྗིད་ཡིན།
7 གླེན་པས་ཚུལ་སྡན་གྱི་སྐད་ཆ་བཤད་ན་འཚམ་པོ་མིན།
དབང་སྒྱུར་མཁན་གྱིས་རྫུན་གཏམ་བཤད་ན་དེ་བས་འཚམ་པོ་མིན།
8 ལག་རྟགས་ནི་དེ་སྤྲོད་མཁན་གྱི་རྩ་ཆེན་ནོར་བུ་ཡིན།
མི་དེ་གང་དུ་ཕྱིན་ན་ཡང་ལེགས་འགྲུབ་འཐོབ།
9 མི་གཞན་གྱི་ནོར་འཁྲུལ་ལ་གུ་ཡངས་གཏོང་མཁན་གྱིས་བརྩེ་སེམས་དོན་གཉེར་བྱེད་ཀྱི་ཡོད།
ནོར་འཁྲུལ་ཡང་ཡང་བཤད་མཁན་གྱིས་མཛའ་གྲོགས་ཁ་ཕྲལ་དུ་གཏོང་།
10 གོ་རྟོགས་ལྡན་མི་ལ་ཐེངས་གཅིག་སྐྱོན་བརྗོད་བྱས་པ་ནི།
གླེན་པར་ཐེངས་བརྒྱ་ལྕག་གཞུ་བ་ལས་ཕན་ཐོགས་ཆེ།
11 མི་ངན་གྱི་བློ་ཁ་ནི་ངོ་ལོག་ཁོ་ནར་ཕྱོགས།
འོན་ཀྱང་ཕོ་ཉ་གདུག་རྩུབ་ཅན་སླེབས་ནས་ཁོ་ལ་ཉེས་ཆད་གཏང་།
12 རྨོངས་གཉིད་ནང་དུ་ལྷུང་པའི་གླེན་པར་ཐུག་པ་ལས།
དོམ་ཕྲུག་ཤོར་བའི་དོམ་མ་ལ་འཕྲད་པ་དགའ།
13 སྤྱོད་བཟང་ལ་སྤྱོད་ངན་གྱིས་ལན་འཇལ་ན།
ངན་འབྲས་མི་དེའི་ཁང་པ་ནས་ཁ་ཕྲལ་མི་སྲིད།
14 རྩོད་པའི་ཐོག་མ་ནི་ཆུ་རགས་ཁ་ཤོར་བ་དང་འདྲ།
ཁ་རྩོད་འགོ་མ་བཙུགས་གོང་དེ་ནས་ཁ་བྲལ་དགོས།
15 མི་ངན་ལ་ནག་ཉེས་མེད་པའི་ཐག་གཅོད་བྱེད་མཁན་དང་། དྲང་བདེན་གྱི་མི་ལ་ཉེས་ཆད་གཏོང་མཁན།
ཡ་ཧོ་ཝཱ་དེ་ཚོ་གཉིས་ཀར་ཞེན་པ་ལོག
16 གླེན་པ་ཞིག་ལ་ཤེས་རབ་འཐོབ་པའི་འདོད་པ་མེད་ན།
ཁོ་ལ་ཤེས་རབ་འཐོབ་པའི་ནུས་པ་ཡོད་ན་ཡང་ཕན་ཐོགས་གང་ཡོད།
17 གྲོགས་པོ་ངོ་མ་ནི་དུས་རྟག་ཏུ་བརྩེ་བ་མཚོན་ལ།
དཀའ་སྡུག་གི་དུས་སྐབས་ཀྱི་ཆེད་དུ་སྐྱེས་པའི་སྤུན་ཟླ་ཡིན།
18 རྨོངས་པ་རྣམས་ཀྱིས་ལག་པ་བཏང་ནས་ཁས་ལེན།
མི་གཞན་གྱི་མདུན་དུ་ཁག་ཐེག་བྱེད་པ་ཁས་ལེན།
19 རྩོད་པ་རྒྱག་པར་དགའ་མཁན་ནི་ཉེས་པ་བསགས་པ་ལ་དགའ།
གཞུང་སྒོ་མཐོ་པོ་བཟོ་མཁན་ནི་རང་གིས་རང་ལ་ཕམ་ཉེས་གཏོང་།
20 སེམས་ལ་གཡོ་སྒྱུ་འཆང་མཁན་ལ་ལེགས་འགྲུབ་འཐོབ་མི་སྲིད།
མགོ་སྐོར་གྱི་གཏམ་བཤད་མཁན་ཉམས་རྒུད་དུ་འགྲོ།
21 བུ་ཕྲུག་གླེན་པ་ཡིན་ན་ཕ་རྣམས་ཀྱིས་སེམས་སྡུག་མྱོང་།
བུ་ཕྲུག་རྨོངས་པ་ཡིན་ན་ཕ་རྣམས་ལ་དགའ་སྤྲོ་སྤུ་ཙམ་མེད།
22 སེམས་པ་སྐྱིད་པོ་ནི་སྨན་བཟང་པོ་ཡིན།
སེམས་སྡུག་གིས་མིའི་ནུས་ཤུགས་ཡོད་ཚད་ཉམས།
23 མི་ངན་གྱིས་ལྐོག་རྔན་ལེན་ནས།
དྲང་བདེན་གྱི་ལམ་ཁ་འཁྱོག་བཤད་བྱེད།
24 ཤེས་རབ་ནི་དབྱེ་ཞིབ་ཀྱི་ནུས་པ་ཡོད་མཁན་གྱི་མིག་མདུན་དུ་ཡོད།
འོན་ཀྱང་གླེན་པའི་མིག་གིས་ས་གཞིའི་མཐར་ཐུག་དུ་ལྟ།
25 བུ་གླེན་པ་ཞིག་གིས་ཕ་ཡི་སེམས་སྐྱོ་པོ་བཟོ།
ཁོ་སྐྱེས་པའི་ཨ་མ་ལ་སེམས་སྡུག་བཟོ།
26 དྲང་བདེན་གྱི་མི་ལ་ཆད་པ་གཏོང་མི་ཆོག
བཀུར་འོས་པའི་མི་ལ་ལྕགས་གཞུས་ན་དྲང་བདེན་མིན།
27 ཤེས་ཡོན་ལྡན་པའི་མི་ཡིས་སྐད་ཆ་ཉུང་ཙམ་བཤད།
དབྱེ་ཞིབ་ཀྱི་ནུས་པ་ཡོད་པའི་མི་བབ་བརླིང་བརྟན་གསུམ་ལྡན།
28 གླེན་པ་ཡང་སྐད་ཆ་མ་བཤད་ན་ཤེས་རབ་ཅན་དང་འདྲ་པོ་རེད།
ཁ་རྩུམ་ན་དབྱེ་ཞིབ་ཀྱི་ནུས་པ་ཡོད་པའི་མི་དང་འདྲ་པོ་རེད།



