ལེགས་བཤད་ལེའུ་བཅུ་དྲུག་པ།
Proverbs 16
1 མི་ཡིས་རང་ཉིད་ཀྱི་བསམ་པ་གྲ་སྒྲིག་བྱེད།
འོན་ཀྱང་ཡང་དག་པའི་ལན་འདེབས་པའི་རོགས་རམ་གནང་མཁན་ནི་ཡ་ཧོ་ཝཱ་ཡིན།
2 མིའི་བསམ་པར་རང་ཉིད་ཀྱི་སྤྱོད་ལམ་ཚང་མ་ཡང་དག་པ་ཡིན་བསམ།
འོན་ཀྱང་ཡ་ཧོ་ཝཱས་མིའི་སེམས་ནང་གི་དམིགས་ཡུལ་ལ་ཞིབ་བཤེར་གནང་།
3 ཁྱོད་ཀྱི་བྱ་བ་ཐམས་ཅད་ཡ་ཧོ་ཝཱར་གཏད་ཅིག
ཁྱོད་ཀྱི་འཆར་གཞི་ལེགས་འགྲུབ་འཐོབ།
4 ཡ་ཧོ་ཝཱས་བྱ་དངོས་ཐམས་ཅད་ཁོང་གི་དགོངས་པ་སྒྲུབ་པའི་ཆེད་དུ་བེད་སྤྱོད་གཏང་ཐུབ།
མི་ངན་རྣམས་ཡང་ཕར་ཆད་ཀྱི་ཉིན་མོར་རྩ་མེད་དུ་འགྲོ་སྐབས་བར་དུ་གནས་སུ་བཅུག
5 ཡ་ཧོ་ཝཱས་ང་རྒྱལ་ཆེ་བའི་སེམས་ལ་ཞེན་པ་ལོག
མི་དེ་རིགས་གཏན་འཁེལ་ཉེས་ཆད་ཕོག་ངེས་ཡིན།
6 འགྱུར་བ་མེད་པའི་བརྩེ་སེམས་དང་ལྷག་བསམ་ལ་བརྟེན་ནས་མིའི་ནོར་འཁྲུལ་དག་པར་འགྱུར།
ཡ་ཧོ་ཝཱ་ལ་གུས་བརྩི་ཞུས་ན་བྱ་བ་ངན་པ་དང་རྒྱང་རིང་དུ་བྲལ།
7 ཡ་ཧོ་ཝཱས་མི་ཞིག་གི་སྤྱོད་ལམ་ལ་ཐུགས་མཉེས་ན།
ཁོང་གིས་མི་དེའི་དགྲ་བོ་ཡང་ཁོ་དང་འཆམ་མཐུན་ངང་གནས་སུ་བཅུག
8 དབུལ་པོ་ཡིན་ན་ཡང་དྲང་བདེན་སྲུང་བ་ནི།
དྲང་གཞག་མིན་པའི་ཡོང་འབབ་མང་པོ་འཐོབ་པ་ལས་ལེགས།
9 མི་ཡིས་རང་གི་སེམས་ནང་དུ་སོ་སོའི་འགྲོ་ལམ་འཆར་འགོད་བྱེད་ཀྱང་།
མི་དེའི་གོམས་སྟབས་འཁྲིད་མཁན་ནི་ཡ་ཧོ་ཝཱ་ཡིན།
10 རྒྱལ་པོའི་ཁ་ནི་དཀོན་མཆོག་གི་གཏན་འབེབས་བཤད་དགོས་ལ།
དྲང་བདེན་དང་རྒྱབ་འགལ་བྱེད་མི་ཆོག
11 དྲང་གཞག་གི་རྒྱ་སྲང་དང་བྲེ་སྲང་ནི་ཡ་ཧོ་ཝཱས་གནང་།
ཁུག་མའི་ནང་གི་རྒྱ་རྡོ་ཚང་མ་ཁོང་གིས་གཏན་འབེབས་གནང་བ་ཡིན།
12 རྒྱལ་པོ་རྣམས་ཀྱིས་སྤྱོད་ལམ་ངན་པ་ལ་ཞེན་པ་ལོག
དྲང་བདེན་ལ་བརྟེན་ནས་རྒྱལ་ཁྲི་བརྟན་པོར་ཚུགས།
13 རྒྱལ་པོ་རྣམས་དྲང་བདེན་གྱི་གཏམ་གླེང་ལ་དགའ།
ཁོང་ཚོ་སྐད་ཆ་དྲང་པོ་བཤད་མཁན་ལ་དགའ།
14 རྒྱལ་པོའི་ཁོང་ཁྲོའི་མེ་ལྕེ་ནི་ཤི་བའི་ཕོ་ཉ་ལྟར་ཡིན།
འོན་ཀྱང་ཤེས་རབ་ཅན་གྱིས་ཁོང་ཁྲོ་དེ་ཞི་རུ་བཅུག་ཐུབ།
15 རྒྱལ་པོའི་ཞལ་རེས་ནས་འཕྲོ་བའི་འོད་མདངས་མི་ལ་ཚེ་སྲོག་སྤྲོད།
ཁོང་གི་བཀའ་དྲིན་སྤྱིད་ཀའི་ཆར་པ་དང་འདྲ།
16 གསེར་འཐོབ་པ་ལས་ཤེས་རབ་འཐོབ་པ་ལྷག
དངུལ་ལས་གོ་རྟོགས་ཀྱི་ནུས་རྩལ་གདམ་དགོས།
17 མི་དྲང་པོའི་གཞུང་ལམ་ནི་སྤྱོད་ངན་དང་ཐག་རིང་དུ་བྲེལ།
རང་ཉིད་ཀྱི་ལམ་ཁ་ལ་དོ་སྣང་གཟབ་ནན་བྱས་ན་ཚེ་སྲོག་སྲུང་ཐུབ།
18 ང་རྒྱལ་གྱི་རྐྱེན་པས་མི་ལ་ཕམ་ཉེས་འབྱུང་།
ཁེངས་དྲེགས་ཆེ་བས་རྐྱེན་གྱིས་མི་ལ་བར་ཆད་འབྱུང་།
19 སྙེམས་ཆུང་བའི་མིའི་ཁྲོད་དུ་དམའ་ས་བཟུང་བ་ནི་
ཁེངས་དྲེགས་ཆེ་བའི་མི་རྣམས་ཀྱི་ཁྲོད་དུ་འཕྲོག་བཅོམ་བྱས་པའི་དངོས་པོ་བགོ་བཤའ་རྒྱག་པ་ལས་བཟང་།
20 གནས་ལུགས་རྒྱུ་མཚན་ཤེས་པའི་མི་ལ་ལེགས་འགྲུབ་འཐོབ།
ཡ་ཧོ་ཝཱ་ལ་བློ་གཏད་པའི་མི་ལ་བདེ་སྐྱིད་ལྡན།
21 སེམས་ལ་ཤེས་རབ་ཡོད་མཁན་ལ་གོ་རྟོགས་ཀྱི་ནུས་རྩལ་ཡོད་པའི་མི་ཟེར།
བྱམས་བརྩེ་ལྡན་པའི་སྐད་ཆ་བཤད་ན་མི་ལ་གོ་སྐོན་བློ་འགུག་བྱེད་ཐུབ།
22 གནས་ལུགས་རྒྱུ་མཚན་ཤེས་པ་ནི་ཚེ་སྲོག་གི་བྱུང་ཁུངས་ཡིན།
གླེན་པའི་གླེན་རྟགས་ཀྱིས་མི་དེར་ཆད་པ་གཏོང་།
23 ཤེས་རབ་ཅན་གྱི་སེམས་ཀྱིས་མི་དེར་གནས་ལུགས་རྒྱུ་མཚན་ཤེས་པའི་སྐད་ཆ་དང་།
གོ་སྐོན་བློ་གུགས་བྱེད་ཐུབ་པའི་སྐད་ཆ་བཤད་དུ་བཅུག
24 ཡིད་དུ་འོང་བའི་སྐད་ཆ་ནི་སྦྲང་ཚང་གི་སྦྲང་རྩི་དང་འདྲ།
སེམས་ལ་མངར་མོ་དང་ལུས་པོ་བདེ་ཐང་ལ་ཕན།
25 མི་ཡིས་བསམ་པར་ཡང་དག་པའི་ལམ་ཁ་ཡིན་བསམས་ཀྱང་
མཐར་ཐུག་ཤི་བར་སླེབ་པའི་ལམ་ཁ་ཡོད།
26 དང་གའི་རྐྱེན་གྱིས་ངལ་རྩོལ་པ་རྣམས་ལས་ཀར་ཧུར་ཐག་བྱེད།
བཀྲེས་ལྟོགས་ཀྱིས་ཁོ་ལ་བཙན་འདེད་བྱེད།
27 ཕན་མེད་པའི་མི་ཡིས་བྱ་བ་ངན་པ་སྔོག
ཁོས་བཤད་པའི་སྐད་ཆ་ནི་མེ་ལྕེ་ཚ་པོ་འབར་བ་ལྟར་ཡིན།
28 རྙོག་དྲ་བཟོ་མཁན་གྱིས་མི་རྣམས་ཀྱི་ཁྲོད་དུ་རྩོད་གཞི་སློང་།
དམའ་འབེབས་གཏོང་མཁན་གྱིས་སྙིང་ཉེ་བའི་གྲོགས་པོ་ཁ་བྲལ་དུ་བཅུག
29 གདུག་རྩུབ་ཅན་གྱིས་ཉེ་འཁོར་གྱི་མི་ལ་སླུ་ཁྲིད་བྱེད།
ཁོ་ཚོས་མི་རྣམས་ལོག་ལམ་དུ་འཁྲིད།
30 ཁོ་ཚོས་མིག་བརྡ་བཏང་ནས་ཇུས་ངན་གཤོམ།
ཁ་བཙུམས་ནས་གནོད་འཚེ་གཏོང་།
31 དྲང་བདེན་གྱི་ལམ་ཐོག་ཏུ་འགྲོ་མཁན་གྱི་སྐྲ་དཀར་པོ་ནི་
དབུ་རྒྱན་མཛེས་པོ་ཞིག་ཡིན།
32 མི་ཞིག་གིས་མགྱོགས་པོ་ཁོང་ཁྲོ་མ་ལངས་ན་སྟོབས་ཤུགས་ཅན་ལས་ལྷག
རང་སེམས་བཅུན་མཁན་ནི་གྲོང་ཁྱེར་བཙན་བཟུང་བྱེད་མཁན་ལས་ལྷག
33 པང་ཁར་རྒྱན་འཕངས་ནས་འཐེན་སྐབས།
ཐམས་ཅད་ཐག་གཅོད་གནང་མཁན་ནི་ཡ་ཧོ་ཝཱ་ཡིན།



