ལེགས་བཤད་ལེའུ་བཅོ་ལྔ་པ།

Proverbs 15


1 འཇམ་པོ་ངང་ལན་བརྒྱབ་ན་ཁོང་ཁྲོ་དྲག་པོ་ཡང་ཞི་རུ་བཅུག་ཐུབ།

     འོན་ཀྱང་སྐད་ཆ་རྩུབ་པོས་ཁོང་ཁྲོ་འབར་དུ་བཅུག

2 ཤེས་རབ་ཅན་གྱི་ལྕེ་ཡིས་ཤེས་ཡོན་བེད་སྤྱོད་ཡག་པོ་གཏོང་།

     འོན་ཀྱང་གླེན་པའི་ཁ་ནས་གླེན་རྟགས་འཐོན།

3 ཡ་ཧོ་ཝཱའི་སྤྱན་གྱིས་ས་ཆ་གང་སར་གཟིགས།

     ཁོང་གིས་མི་ངན་དང་མི་བཟང་གཉིས་ཀར་གཟིགས།

4 ཞི་འཇམ་གྱི་ལྕེ་ནི་ཚེ་སྲོག་གི་ཤིང་སྡོང་ཡིན།

     གཡོ་སྒྱུའི་གཏམ་གྱིས་མི་རྣམས་ཡིད་ཐང་ཆད་དུ་བཅུག

5 གླེན་པས་རྣམས་ནི་ཕ་ཡི་བསླབ་བྱ་སྣང་མེད་དུ་གཏང་།

     འོན་ཀྱང་མི་སྤྱང་པོས་སྐྱོན་བརྗོད་ལ་ཉན།

6 དྲང་བདེན་གྱི་མིའི་ཁང་པར་ནོར་རྫས་མང་པོ་ཡོད།

     མི་ངན་གྱི་ཐོན་སྐྱེས་ཀྱིས་མི་དེར་རྙོག་དྲ་བཟོ།

7 ཤེས་རབ་ཅན་གྱི་ལྕེ་ཡིས་ཤེས་ཡོན་སྤེལ།

     འོན་ཀྱང་གླེན་པའི་སེམས་ཀྱིས་དེ་ལྟར་བྱེད་མི་ཐུབ།

8 ཡ་ཧོ་ཝཱས་མི་ངན་གྱི་མཆོད་པར་ཞེན་པ་ལོག

     ཁོང་མི་དྲང་པོའི་སྨོན་ལམ་ལ་ཐུགས་མཉེས།

9 ཡ་ཧོ་ཝཱས་མི་ངན་གྱི་ལམ་ཁ་ལ་སྡང་།

     ཁོང་དྲང་བདེན་དོན་གཉེར་བྱེད་མཁན་ལ་དགའ།

10 ཡང་དག་པའི་ལམ་ཁ་ཐོར་མཁན་བསླབ་བྱ་ལ་མི་དགའ།

     སྐྱོན་བརྗོད་ལ་སྡང་མཁན་ཚེ་སྲོག་ཤོར།

11 ཡ་ཧོ་ཝཱའི་སྤྱན་གྱིས་ཐ་ན་དུར་ས་དང་གཏོར་བཤིག་གི་ས་ཆ་ཡང་གསལ་པོར་གཟིགས།

     མིའི་སེམས་དེ་བས་གསལ་ལོས་ཡིན།

12 འཕྱ་སྨོས་བྱེད་མཁན་ནི་ཁོ་ལ་སྐྱོན་བརྗོད་བྱེད་མཁན་ལ་དགའ་པོ་མེད།

     ཁོས་ཤེས་རབ་ཅན་ལ་སྐད་ཆ་འདྲི་མི་སྲིད།

13 སེམས་ལ་དགའ་སྤྲོ་ཡོད་ན་རྣམ་འགྱུར་ཡང་སྤྲོ་སྣང་མངོན།

     སེམས་ལ་སྡུག་བསྔལ་ཡོད་ན་སེམས་ཤུགས་ཆག

14 སེམས་ལ་གོ་རྟོགས་ཀྱི་ནུས་རྩལ་ཡོད་པའི་མི་ཡིས་ཤེས་ཡོན་འཚོལ།

     འོན་ཀྱང་གླེན་པའི་ཁ་ཡིས་གླེན་རྟགས་དོན་གཉེར་བྱེད།

15 སྡུག་པོ་མྱོང་བའི་མིའི་ངོ་ནས་བཤད་ན་ཉི་མ་རེ་རེ་ཚང་མ་ཉི་མ་སྡུག་པོ་ཡིན།

     འོན་ཀྱང་སེམས་སྤྲོ་པོ་ཡོད་པའི་མི་ནི་ཉིན་ལྟར་གསོལ་སྟོན་གཤོམ་པ་ལྟར་ཡིན།

16 དབུལ་པོ་ཡིན་ན་ཡང་དཀོན་མཆོག་ལ་གུས་བརྩི་ཞུས་ན་

     ཕྱུགས་པོ་ཡིན་ན་ཡང་རྟག་པར་སེམས་ཁྲེལ་ཡོད་པ་ལས་ལེགས།

17 བརྩེ་སེམས་ཡོད་པའི་མི་རྣམས་ཀྱི་ཁྲོད་དུ་སྔོན་ཚལ་ཟ་བ་ནི་

     ཕན་ཚུན་འཁོན་འཛིན་བྱེད་པའི་མི་རྣམས་ཀྱི་ཁྲོད་དུ་གླང་ཤ་ཚོན་པོ་ཟ་བ་ལས་བཟང་།

18 རླུང་ལང་པོ་རྣམས་ཀྱིས་རྩོད་གཞི་སླང་།

     མི་ངང་རྒྱུད་རིང་པོ་ཞིག་གིས་ཁ་རྩོད་ཞི་རུ་བཅུག

19 ལེ་ལོ་ཅན་གྱི་ལམ་ཁ་ནི་ཚེར་མའི་ར་བ་ལྟར་ཡིན།

     མི་དྲང་པོ་རྣམས་གྱི་ལམ་ཁ་ནི་གཞུང་ལམ་ཁོད་སྙོམས་པོ་ཞིག་ལྟར་ཡིན།

20 ཤེས་རབ་ཅན་གྱི་བུ་ཡིས་ཕ་ཡི་སེམས་དགའ་སྤྲོ་སྐྱེད།

     གླེན་པས་ཁོའི་ཨ་མ་ལ་མཐོང་ཆུང་བྱེད།

21 རྨོངས་པ་རྣམས་ནི་གླེན་རྟགས་ཚ་བའི་བྱ་བ་ལ་དགའ།

     འོན་ཀྱང་དབྱེ་ཞིབ་ཀྱི་ནུས་རྩལ་ཡོད་མཁན་རྣམས་ནི་ཤར་རྒྱག་མདུན་སྐྱོད་བྱེད།

22 གོ་བསྡུར་མ་བྱས་ན་འཆར་གཞི་འགྲུབ་མི་སྲིད།

     བསམ་འཆར་འདོན་མཁན་མང་པོ་ཡོད་ན་ལེགས་འགྲུབ་འཐོབ།

23 མི་ཡིས་ཡང་དག་པའི་ལན་རྒྱག་ཐུབ་ན་དགའ་སྣང་ཚོར།

     འོས་འཚམ་གྱི་དུས་ཚོད་དང་བསྟུན་ནས་བཤད་པའི་སྐད་ཆ་ནི་རབ་ཏུ་བཟང་།

24 གནས་ལུགས་རྒྱུ་མཚན་ཤེས་མཁན་ནི་ཚེ་སྲོག་གི་ལམ་ཐོག་ཏུ་ཡར་སྐྱོད།

     ཁོ་ཚོ་འོག་གི་དུར་ས་དང་ཐག་རིང་དུ་བྲེལ།

25 ཡ་ཧོ་ཝཱས་ང་རྒྱལ་ཆེ་བའི་མིའི་ཁང་པ་གཏོར་བཤིག་གཏང་།

     འོན་ཀྱང་ཁོང་གིས་ཡུགས་མོའི་ས་ཞིང་གི་ས་མཚམས་སྲུང་།

26 ཡ་ཧོ་ཝཱས་མི་ངན་གྱི་ཐབས་ཇུས་ལ་ཞེན་པ་ལོག

     འོན་ཀྱང་ཁོང་གིས་གཏམ་སྙན་པོ་རྣམས་དྭངས་གཙང་དུ་བརྩི།

27 ཁེ་ཕན་གཡོ་ལེན་བྱེད་མཁན་གྱིས་རང་གི་ཁྱིམ་ཚང་ལ་དཀའ་ངལ་བཟོ།

     ལྐོག་རྔན་ལ་སྡང་མཁན་ནི་གསོན་པོར་གནས་ཐུབ།

28 དྲང་བདེན་གྱི་མིའི་སེམས་ནི་ལན་རྒྱག་པའི་སྔོན་ལ་བསམ་བློ་ཡག་པོ་གཏོང་།

     འོན་ཀྱང་མི་ངན་གྱི་ཁ་ནས་གཏམ་ངན་འཐོར།

29 ཡ་ཧོ་ཝཱ་མི་ངན་ལ་རྒྱང་རིང་དུ་བྲེལ།

     ཁོང་གིས་དྲང་བདེན་གྱི་མིའི་སྨོན་ལམ་གསན།

30 དགའ་སྣང་ལྡན་པའི་མིག་གཉིས་ཀྱིས་སེམས་ལ་སྤྲོ་སྣང་སྐུལ།

     གཏམ་བཟང་གིས་མི་ལ་གསོན་ཤུགས་སྤྲོད།

31 མི་ལ་ཚེ་སྲོག་སྤྲོད་པའི་སྐྱོན་བརྗོད་ལ་ཉན་མཁན་ནི་

     ཤེས་རབ་ཅན་གྱི་ཁྲོད་དུ་བསྡད་ཡོད།

32 ཚེ་སྲོག་ལ་མཐོང་ཆུང་བྱེད་མཁན་རྣམས་བསླབ་བྱ་ལ་མི་ཉན།

     སྐྱོན་བརྗོད་ཉན་མཁན་ལ་གོ་རྟོགས་ཀྱི་ནུས་པ་འཐོབ།

33 ཡ་ཧོ་ཝཱ་ལ་གུས་བརྩི་ཞུས་ན་ཤེས་རབ་ལྡན་པའི་སྦྱོང་བརྡར་འཐོབ།

     གཟི་བརྗིད་འཐོབ་པའི་སྔོན་ལ་ངེས་པར་དུ་སྙེམས་ཆུང་ཡོད།