ལེགས་བཤད་ལེའུ་བཅུ་བཞི་པ།

Proverbs 14


1 དངོས་གནས་ཤེས་རབ་ཡོད་པའི་ཆུང་མ་ཡིས་ཁྱིམ་ཚང་འཛུགས་སྐྲུན་བྱེད།

     བུད་མེད་གླེན་པས་རང་ཉིད་ཀྱི་ལག་པ་གཉིས་ཀྱིས་ཁྱིམ་ཚང་གཏོར་བཤིག་གཏོང་།

2 ཡ་ཧོ་ཝཱར་གུས་བརྩི་ཞུ་མཁན་གྱི་ལམ་ཁ་ནི་དྲང་པོ་དྲང་གཞག་ཡིན།

     གཡོ་ཁྲམ་བྱེད་མཁན་ནི་དཀོན་མཆོག་ལ་མཐོང་ཆུང་བྱེད་བཞིན་ཡོད།

3 གླེན་པའི་ཁ་ལ་ང་རྒྱལ་གྱི་དབྱུག་པ་ཡོད།

     འོན་ཀྱང་ཤེས་རབ་ཅན་གྱི་ཁ་ཡིས་མི་ལ་སྲུང་སྐྱོབ་བྱེད།

4 ལྷས་རར་ནོར་མེད་ན་གཞོང་པ་གཙང་མ་ཡིན།

     འོན་ཀྱང་གླང་གོག་གི་ཤེད་ཤུགས་ལ་བརྟེན་ནས་ཐོན་འབབ་ལེགས་པོ་འབྱུང་།

5 བློས་འཁེལ་ཆོག་པའི་དཔང་པོས་རྫུན་གཏམ་མི་བཤད།

     འོན་ཀྱང་དྲང་པོ་མིན་པའི་དཔང་མིས་རྫུན་གཏམ་རྐྱང་རྐྱང་བཤད།

6 འཕྱ་སྨོད་བྱེད་མཁན་ནི་ཤེས་རབ་བཙལ་ན་ཡང་གང་ཡང་མི་འཐོབ།

     གོ་རྟོགས་ཀྱི་ནུས་རྩལ་ཡོད་པའི་མི་ལ་ཤེས་ཡོན་འཐོབ་སླ་བ་ཡིན།

7 གླེན་པ་དང་བྲལ་ཞིག

     ཁྱོད་ཀྱིས་ཁོའི་ཁ་ནས་ཤེས་ཡོན་རྙེད་མི་སྲིད།

8 མི་སྤྱང་པོས་ཤེས་རབ་ལ་བརྟེན་ནས་རང་ཉིད་ཀྱི་ལམ་ཁའི་ཁ་ཕྱོགས་ཤེས།

     འོན་ཀྱང་གླེན་པའི་བླུང་རྨོངས་ཀྱིས་གླེན་པ་དེར་མགོ་སྐོར་གཏང་།

9 གླེན་པས་སྡིག་ཉེས་ལ་ཁྲེལ་དགོད་བྱེད།

     འོན་ཀྱང་མི་དྲང་པོ་རྣམས་ཀྱི་ཁྲོད་དུ་འགྲིག་འཇགས་བྱེད་པའི་འདོད་པ་ཡོད།

10 རང་སེམས་ཁོ་ནས་རང་ཉིད་ཀྱི་དཀའ་སྡུག་ཤེས་ཀྱི་ཡོད།

     ཕྱི་མིས་སེམས་ནང་གི་སྤྲོ་སྣང་མཉམ་དུ་ཚོར་མི་ཐུབ།

11 མི་ངན་གྱི་ཁང་པ་རྩ་མེད་དུ་འགྲོ།

     མི་དྲང་པོ་རྣམས་ཀྱི་གུར་དར་རྒྱས་སུ་འགྲོ།

12 མི་ཡིས་བསམ་པར་ཡང་དག་པའི་ལམ་ཁ་ཡིན་ན་ཡང་།

     མཐར་ཐུག་ཤི་བར་སླེབ་པའི་ལམ་ཁ་ཡང་ཡོད།

13 མིས་གད་མོ་དགོད་པའི་སྐབས་སུ་ཡང་སེམས་སྡུག་ཚོར་སྲིད།

     སྤྲོ་སྣང་མཐར་ཐུག་ཏུ་མྱ་ངན་ལ་འགྱུར་སྲིད།

14 མི་ཨུ་ཚུགས་ཚ་པོ་ཞིག་གིས་ཁོའི་སྤྱོད་ལམ་གྱི་མཇུག་འབྲས་རྔ།

     མི་བཟང་པོར་རང་ཉིད་ཀྱི་བྱ་སྤྱོད་ཀྱི་བྱ་དགའ་འཐོབ།

15 ཉམས་མྱོང་མེད་པའི་མི་ཡིས་སྐད་ཆ་ཐམས་ཅད་ལ་ཡིད་ཆེས་བྱེད་ཀྱང་།

     མི་སྤྱང་པོས་གོམ་སྟབས་རེ་རེར་བསམ་བློ་གཏོང་།

16 ཤེས་རབ་ཅན་གྱིས་གཟབ་གཟབ་བྱས་ནས་བྱ་བ་ངན་པ་དང་བྲལ།

     གླེན་པ་ནི་འཚབ་འཚུབ་ཧོད་རྒྱུག་ཡིན་ཞིང་ཁེངས་དྲེགས་ཆེ།

17 མགྱོགས་པོ་རླུང་ལང་མཁན་གྱིས་གླེན་རྟགས་ཚ་བའི་ལས་ཀ་བྱེད།

     འོན་ཀྱང་མི་རྣམས་ཀྱིས་བྱ་དངོས་ལ་བསམ་བློ་ཞིབ་ཕྲ་གཏོང་མཁན་ལ་སྡང་།

18 ཉམས་མྱོང་མེད་པའི་མི་ཡིས་གླེན་རྟགས་ཤུལ་འཛིན་བྱེད།

     མི་སྤྱང་པོར་ཤེས་ཡོན་གྱི་དབུ་རྒྱན་འཐོབ།

19 མི་ངན་གྱིས་མི་བཟང་པོའི་མདུན་དུ་གུས་འདུད་བྱེད་རྒྱུ་རེད།

     མི་ངན་གྱིས་དྲང་བདེན་གྱི་མིའི་སྒོའི་མདུན་དུ་གུས་འདུད་བྱེད།

20 གྲོང་པ་ཁྱིམ་མཚེས་ཀྱང་དབུལ་པོར་མི་དགའ།

     ཕྱུགས་པོར་གྲོགས་པོ་མང་པོ་ཡོད།

21 ཁྱིམ་མཚེས་ལ་མཐོང་ཆུང་བྱས་ན་སྡིག་པ་རེད།

     ཉམ་ཐག་རྣམས་ལ་བྱམས་སྙིང་རྗེ་མཚོན་མཁན་ལ་བདེ་སྐྱིད་ལྡན།

22 རྩོད་གཞི་སློང་བའི་འཆར་གཞི་འགོད་མཁན་ལམ་ནོར་ཐེབས།

     ལས་ཀ་བཟང་པོ་བྱེད་པར་བློ་ཁ་ཕྱོགས་མཁན་ལ་འགྱུར་བ་མེད་པའི་བརྩེ་སེམས་དང་ལྷག་བསམ་འཐོབ།

23 དཀའ་ལས་འདྲ་མི་འདྲ་ཚང་མར་ཕན་ཐོགས་ཡོད།

     སྐད་ཆ་སྟོང་པ་བཤད་ནས་གང་ཡང་མ་བྱས་ན་དབུལ་ཕོངས་སུ་འགྱུར།

24 ཤེས་རབ་ཅན་གྱི་དབུ་རྒྱན་ནི་རྒྱུ་ནོར་ཡིན།

     འོན་ཀྱང་གླེན་པའི་གླེན་རྟགས་ནས་གླེན་རྟགས་མ་གཏོགས་གང་ཡང་མི་འཐོན།

25 དཔང་མི་དྲང་པོ་ཞིག་གིས་ཚེ་སྲོག་སྐྱོབ།

     འོན་ཀྱང་གཡོ་སྒྱུ་ཅན་གྱི་དཔང་མིས་རྫུན་གཏམ་རྐྱང་རྐྱང་བཤད།

26 ཡ་ཧོ་ཝཱར་གུས་བརྩི་ཞུ་མཁན་ལ་སེམས་ཤུགས་ཆེན་པོ་ཡོད།

     དེ་ནི་ཁོའི་བུ་ཕྲུག་རྣམས་ལ་ཡང་སྲུང་སྐྱོབ་བྱེད།

27 ཡ་ཧོ་ཝཱར་གུས་བརྩི་ཞུ་བ་ནི་ཚེ་སྲོག་གི་ཆུ་མིག་དང་འདྲ།

     མི་རྣམས་ལ་ཤི་བའི་རྙི་དང་བྲལ་དུ་བཅུག

28 མི་དམངས་མང་པོ་ཡོད་ན་རྒྱལ་པོར་བརྗིད་ཉམས་ལྡན།

     དབང་སྒྱུར་མཁན་ལ་མི་སེར་མེད་ན་ཁོ་ཉམས་གུད་དུ་འགྲོ།

29 མི་ཞིག་གིས་མགྱོགས་པོ་ཁོང་ཁྲོ་མ་ལངས་ན་མི་དེར་དབྱེ་ཞིབ་ཀྱི་ནུས་རྩལ་ཆེན་པོ་ཡོད།

     ངང་རྒྱུད་ཐུང་བའི་མི་ཞིག་གིས་རང་ཉིད་ཀྱི་གླེན་རྟགས་མངོན།

30 སེམས་ཁམས་ཞི་འཇགས་ཡོད་ན་གཟུགས་པོ་ཡང་བདེ་པོ་ཡོང་།

     ཕྲག་དོག་གིས་རུས་པར་རུལ་སྐྱོན་བཟོ།

31 ཉམ་ཐག་རྣམས་ནས་གཡོ་ལེན་བྱེད་པ་ནི་མི་བཟོ་མཁན་ལ་དམའ་འབེབས་བཏང་བ་ཡིན།

     འོན་ཀྱང་དབུལ་པོར་བྱམས་སྙིང་རྗེ་མཚོན་ན་ཁོང་ལ་གཟི་བརྗིད་འཕུལ་ཐུབ།

32 མི་ངན་ནི་རང་ཉིད་ཀྱི་ངན་པའི་རྐྱེན་པས་ཕམ་ཉེས་འབྱུང་།

     དྲང་བདེན་གྱི་མི་ནི་རང་ཉིད་ཀྱི་ལྷག་བསམ་རྣམ་དག་ལ་བརྟན་ནས་སྲུང་སྐྱོབ་འཐོབ།

33 ཤེས་རབ་ནི་གོ་རྟོགས་ཀྱི་ནུས་རྩལ་ཡོད་པའི་མིའི་སེམས་ནང་དུ་བག་ཕེབས་ངང་གནས།

     འོན་ཀྱང་གླེན་པ་རྣམས་ནི་རང་ཉིད་ཀྱིས་ཤེས་རབ་ཕྱི་ལ་སྤེལ།

34 དྲང་བདེན་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་ཡིན།

     སྡིག་པ་ནི་མི་རིགས་ཀྱི་ངོ་ཚ་ཡིན།

35 རྒྱལ་པོ་ནི་གནས་ལུགས་རྒྱུ་མཚན་ཤེས་པའི་འཁོར་གཡོག་ལ་དགའ།

     རྒྱལ་པོའི་ཁོང་ཁྲོ་ངོ་ཚ་མེད་པའི་བྱ་བ་བྱེད་མཁན་ལ་འབར།