མད་ཐཱ་ལེའུ་དང་པོ།

Matthew 1


1 ཨབ་ར་ཧམ་གྱི་རྒྱུད་པ། དཱ་པིད་ཀྱི་རྒྱུད་པ། ཡེ་ཤུ་ཁི་རི་སི་ཐོའི་ལོ་རྒྱུས།

2 ཨབ་ར་ཧམ་ནི་ཨི་སཱག་གི་ཕ།

ཨི་སཱག་ནི་ཡ་ཀོབ་ཀྱི་ཕ།

ཡ་ཀོབ་ནི་ཡུ་དཱ་དང་ཁོའི་བུ་སྤུན་གི་ཕ།

3 ཡུ་དཱ་དང་ཏ་མཱར་ནི་ཕེ་རེ་ཟི་དང་ཟེ་རཱ་གི་ཕ་མ།

ཕེ་རེ་ཟི་ནི་ཧེ་ཟི་རོན་གྱི་ཕ།

ཧེ་ཟི་རོན་ནི་རཱམ་གྱི་ཕ།

4 རཱམ་ནི་ཨཱ་མི་ན་དབ་ཀྱི་ཕ།

ཨཱ་མི་ན་དབ་ནི་ནབ་ཤོན་གྱི་ཕ།

ནབ་ཤོན་ནི་སཱལ་མོན་གྱི་ཕ།

5 སཱལ་མོན་དང་རཱ་ཧབ་ནི་པོ་ཨ་ཟི་གི་ཕ་མ།

པོ་ཨ་ཟི་དང་རུ་ཐི་ནི་ཨོ་བེད་ཀྱི་ཕ་མ།

ཨོ་བེད་ནི་ཡེ་སེ་གི་ཕ།

6 ཡེ་སེ་ནི་རྒྱལ་པོ་དཱ་པིད་ཀྱི་ཕ།

དཱ་པིད་དང་ཨུ་རི་ཡཱ་གི་ཆུང་མ་ནི་སོ་ལོ་མོན་གྱི་ཕ་མ།

7 སོ་ལོ་མོན་ནི་རེ་ཧོ་པོ་ཨམ་གྱི་ཕ།

རེ་ཧོ་པོ་ཨམ་ནི་ཨ་པི་ཡཱ་གི་ཕ།

ཨ་པི་ཡཱ་ནི་ཨ་སཱ་གི་ཕ།

8 ཨ་སཱ་ནི་ཡེ་ཧོ་ཤ་ཕཱ་གི་ཕ།

ཡེ་ཧོ་ཤ་ཕཱ་ནི་ཡེ་ཧོ་རཱམ་གྱི་ཕ།

ཡེ་ཧོ་རམ་ནི་ཨུ་ཟི་ཡཱ་གི་ཕ།

9 ཨུ་ཟི་ཡཱ་ནི་ཡོ་ཐམ་གྱི་ཕ།

ཡོ་ཐམ་ནི་ཨ་ཧཱ་ཟི་གི་ཕ།

ཨ་ཧཱ་ཟི་ནི་ཧི་ཟེ་ཀི་ཡཱ་གི་ཕ།

10 ཧི་ཟེ་ཀི་ཡཱ་ནི་མཱ་ན་སེ་གི་ཕ།

མཱ་ན་སེ་ནི་ཨཱ་མོན་གྱི་ཕ།

ཨཱ་མོན་ནི་ཡོ་སི་ཡཱ་གི་ཕ།

11  བཙན་ཤེད་ཀྱིས་པཱ་པི་ལོན་ལ་གནས་སྤོས་བྱས་པའི་རིང་ཡོ་སི་ཡཱ་ནི་ཡེ་ཀོ་ནི་ཡཱ་དང་ཁོའི་བུ་སྤུན་གྱི་ཕ།

12  བཙན་ཤེད་ཀྱིས་པཱ་པི་ལོན་ལ་གནས་སྤོས་བྱས་པའི་རྗེས་སུ་ཡེ་ཀོ་ནི་ཡཱ་ནི་ཤེ་ཨལ་ཐི་ཨེལ་གྱི་ཕ།

ཤལ་ཏི་ཨེལ་ནི་ཟེར་པཱ་པེལ་གྱི་ཕ།

13  ཟེར་པཱ་པེལ་ནི་ཨ་པི་འུད་ཀྱི་ཕ།

ཨཱ་པི་འུད་ནི་ཨེ་ལི་ཨཱ་ཀིམ་གྱི་ཕ།

ཨེ་ལི་ཨཱ་ཀིམ་ནི་ཨཱ་ཟོར་གྱི་ཕ།

14  ཨཱ་ཟོར་ནི་ཟཱ་དོག་གི་ཕ།

ཟཱ་དོག་ནི་ཨཱ་ཀིམ་གྱི་ཕ།

ཨཱ་ཀིམ་ནི་ཨེ་ལི་འུད་ཀྱི་ཕ།

15  ཨེ་ལི་འུད་ནི་ཨེ་ལེ་ཨཱ་ཟར་གྱི་ཕ།

ཨེ་ལེ་ཨཱ་ཟར་ནི་མཱ་ཐན་གྱི་ཕ།

མཱ་ཐན་ནི་ཡཱ་ཀོབ་ཀྱི་ཕ།

16 ཡཱ་ཀོབ་ནི་མིར་ཡམ་གྱི་ཁྱོ་ག་ཡོ་སེབ་ཀྱི་ཕ་ཡིན་པ་དང་། མིར་ཡམ་ལ་ཁི་རི་སི་ཐོ་ཞེས་ཟེར་བའི་ཡེ་ཤུ་སྐྱེས།

17 ཨབ་ར་ཧམ་ནས་དཱ་པིད་བར་དུ་མི་རབས་བཅུ་བཞི་ཡོད་པ་དང་། དཱ་པིད་ནས་བཙན་ཤེད་ཀྱིས་པཱ་པི་ལོན་ལ་གནས་སྤོས་བྱས་པའི་བར་དུ་མི་རབས་བཅུ་བཞི་ཡོད། ཡང་བཙན་ཤེད་ཀྱིས་པཱ་པི་ལོན་ལ་གནས་སྤོས་བྱས་པ་ནས་ཁི་རི་སི་ཐོ་བར་དུ་མི་རབས་བཅུ་བཞི་ཡོད།

18  ཡེ་ཤུ་ཁི་རི་སི་ཐོ་འཁྲུངས་པའི་རྒྱུད་རིམ་ནི།  ཁོང་གི་ཨ་མ་མིར་ཡམ་ཡོ་སེབ་དང་གཉེན་སྒྲིག་ཁ་ཆད་བཞག་པའི་རྗེས་སུ་ཁོང་གཉིས་གཉེན་སྒྲིག་མ་བྱས་གོང་། དཀོན་མཆོག་གི་ནུས་ཤུགས་ཀྱིས་ཁོ་མོར་མངལ་ཆགས་སུ་བཅུག 19  འོན་ཀྱང་ཁོ་མོའི་ཁྱོ་ག་ཡོ་སེབ་ནི་དྲང་བདེན་གྱི་མི་ཡིན་པ་དང་། མི་ཚོགས་ཀྱི་མདུན་དུ་ཁོ་མོ་ངོ་གནོང་དུ་བཅུག་འདོད་མེད་པས་ལྐོག་ཏུ་གཉེན་སྒྲིག་ཁ་བྲལ་དགོས་བསམས། 20  འོན་ཀྱང་ཁོས་དེའི་སྐོར་བསམ་བློ་ཡང་ཡང་བཏང་བའི་རྗེས་སུ། ཡ་ཧོ་ཝཱའི་ཕོ་ཉ་ཞིག་གིས་རྨི་ལམ་ནང་དུ་མངོན་ནས་ “ཀྱེ་དཱ་པིད་ཀྱི་རྒྱུད་པ་ཡོ་སེབ། མིར་ཡམ་ཁྱོད་ཀྱི་ཆུང་མར་ལེན་པ་ལ་མ་འཇིགས་ཤིག ཁོ་མོར་ཕྲུ་གུ་འཁོར་བ་ནི་དཀོན་མཆོག་གི་ནུས་ཤུགས་ལས་བྱུང་བ་རེད། 21  ཁོ་མོར་བུ་ཞིག་སྐྱེ་རྒྱུ་ཡིན། ཁྱོད་ཀྱིས་དེའི་མིང་ལ་ཡེ་ཤུ་ཞེས་བཏགས་དགོས། ཁོང་གིས་རང་ཉིད་ཀྱི་མི་སེར་སྡིག་པ་ནས་བསྐྱབས་རྒྱུ་རེད” 22  དེ་ཐམས་ཅད་ནི་ཡ་ཧོ་ཝཱས་སྔོན་ཤེས་པ་རྣམས་རྒྱུད་ནས་གསུངས་པའི་བཀའ་མོལ་དངོས་སུ་འགྲུབ་པའི་ཆེད་དུ་དངོས་གནས་བྱུང་། 23 དེ་ནི་ “ལྟོས་ཤིག མོ་གསར་ལ་བུ་ཞིག་སྐྱེས་ནས་ཁོ་ཚོས་དེའི་མིང་ལ་ཨིན་ནུ་མ་ཨེལ་ཞེས་འབོད། དེ་ནི་ཡིག་བསྒྱུར་ན་ དཀོན་མཆོག་ང་ཚོ་དང་མཉམ་དུ་ཡོད་ ཅེས་གོ་དོན་ཡིན” ཞེས་བཀོད་པ་དེ་ཡིན།

24  ཡོ་སེབ་གཉིད་ལས་སད་ནས་ཡ་ཧོ་ཝཱའི་ཕོ་ཉས་བཀའ་བཀོད་པ་ལྟར་རང་གི་གནའ་མ་བསུས། 25  འོན་ཀྱང་ཁོ་མོར་ཕྲུ་གུ་མ་སྐྱེས་པའི་གོང་ལུས་འབྲེལ་མ་བྱས། དེ་ནས་ཁོས་བུ་དེའི་མིང་ལ་ཡེ་ཤུ་ཞེས་བཏགས།