མད་ཐཱ་ལེའུ་གཉིས་པ།

Matthew 2


1 རྒྱལ་པོ་ཧེ་ལོ་དཱ་ཡི་དུས་རབས་སུ་ཡེ་ཤུ་ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་དུ་སྐྱེས་པའི་རྗེས། སྐར་རྩིས་པ་རྣམས་ཤར་ཕྱོགས་ནས་ཨེལ་ཤ་ལེམ་དུ་སླེབས་ནས། 2 “ཡ་ཧུ་དཱ་ཡུལ་གྱི་རྒྱལ་པོ་བྱེད་རྒྱུར་འཁྲུངས་མཁན་གང་དུ་བཞུགས་སམ། ང་ཚོ་ཤར་ཕྱོགས་ལ་ཡོད་དུས་ཁོང་གི་སྐར་མ་མཐོང་བས་ཁོང་ལ་གུས་འདུད་ཞུ་བའི་ཆེད་དུ་ཡོང་བ་ཡིན” ཞེས་བཤད། 3 གཏམ་འདི་ཐོས་ནས་རྒྱལ་པོ་ཧེ་ལོ་དཱའི་སེམས་འཚབས་པ་དང་། ཨེལ་ཤ་ལེམ་གྱི་མི་ཚང་མ་ཡང་སེམས་འཚབས། 4 རྒྱལ་པོས་མི་དམངས་ཀྱི་མཆོད་དཔོན་གཙོ་བོ་དང་བཀའ་ཁྲིམས་མཁས་པ་རྣམས་ཚང་མ་བསྐོངས་ནས། ཁི་རི་སི་ཐོ་ས་ཆ་གང་དུ་འཁྲུངས་རྒྱུ་ཡོད་པ་དེའི་སྐོར་སྐད་ཆ་དྲིས། 5 ཁོ་ཚོས་ལན་དུ། “ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་དུ་ཡིན། སྔོན་ཤེས་པ་ཞིག་གིས་བྲིས་པར། 6 'ཀྱེ་ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ། ཡ་ཧུ་དཱའི་དཔོན་པོ་རྣམས་ཀྱིས་དབང་སྒྱུར་བྱེད་པའི་གྲོང་ཁྱེར་ཁྲོད་དུ་ཁྱོད་རྩ་བ་ནས་ཆུང་ཤོས་མིན། གང་ཡིན་ཟེར་ན་དབང་སྒྱུར་པ་ཞིག་ཁྱོད་ནང་ནས་ཐོན་ལ་ཁོང་གིས་ངའི་མི་སེར་ཨི་སི་རེལ་གྱི་ལུག་རྫི་བྱེད'”ཅེས་བཤད།

7 དེའི་རྐྱེན་གྱིས་ཧེ་ལོ་དཱ་ཡིས་ལྐོག་ཏུ་སྐར་རྩིས་པ་རྣམས་བོས་ནས་གཟབ་ནན་གྱིས་སྐར་མ་དེ་མངོན་པའི་དུས་ཚོད་འདྲི་རྩད་བྱས། 8 དེ་ནས་ཁོ་ཚོ་གྲོང་སྡེ་བེད་ལེ་ཧེམ་དུ་བཏང་སྐབས་ “ཕྲུ་གུ་དེ་ཞིབ་ཏུ་བཙལ་ནས་རྙེད་སོང་ན་ལོག་ཡོང་ནས་ང་ལ་སྙན་སེང་ཞུས་ཤིག ངས་ཀྱང་ཁོང་ལ་གུས་འདུད་ཞུ་དགོས་ཡོད” ཅེས་བཤད། 9 ཁོ་ཚོ་རྒྱལ་པོའི་སྐད་ཆ་ཉན་ཚར་བའི་རྗེས་ལ་ཕྱིན། ལྟོས་ཤིག ཤར་ཕྱོགས་སུ་ཡོད་དུས་མཐོང་བའི་སྐར་མ་དེ་ཁོ་ཚོའི་མདུན་དུ་ཕྱིན་པ་དང་། ཕྲུ་གུ་དེའི་བསྡད་སར་སླེབས་ནས་དེའི་སྟེང་དུ་བསྡད། 10 དེ་མཐོང་ནས་ཁོ་ཚོ་དགའ་ཚོར་ཆེན་པོ་བྱས། 11 ཁོ་ཚོས་ཁང་པའི་ནང་དུ་འཛུལ་ནས་ཨ་མ་མིར་ཡམ་དང་མཉམ་དུ་ཡོད་པའི་ཕྲུ་གུ་མཐོང་སྟེ། ཁོ་ཚོས་གུས་ཕྱག་ཕུལ་ནས་གུས་འདུད་ཞུས། ད་དུང་ནོར་བུའི་སྒམ་ཁ་ཕྱེ་ནས་གསེར་དང་སྤོས་དཀར། གུ་གུལ་བཅས་བཏོན་ནས་ཁོང་ལ་ཕུལ། 12 འོན་ཀྱང་དཀོན་མཆོག་གིས་རྨི་ལམ་ནང་དུ་ཧེ་ལོ་དཱ་མཇལ་བར་ལོག་མི་ཆོག་ཅེས་ཉན་བརྡ་བཏང་བས། ཁོ་ཚོ་ལམ་ཁ་གཞན་པ་བརྒྱུད་ནས་རང་རྒྱལ་དུ་ལོག

13 ཁོ་ཚོ་ལོག་ཕྱིན་པའི་རྗེས་སུ་ཡ་ཧོ་ཝཱའི་ཕོ་ཉ་ཞིག་གིས་རྨི་ལམ་ནང་དུ་ཡོ་སེབ་ལ་མངོན་ནས། “ཡར་ལོངས་ཤིག ཕྲུ་གུ་དང་དེའི་ཨ་མ་ཁྲིད་ནས་ཨེ་ཇིབ་ཡུལ་ལ་བྲོས་དང་། ངས་བཀའ་མ་བཏང་བར་དུ་དེར་སྡོད་དགོས། གང་ཡིན་ཟེར་ན་ཧེ་ལོ་དཱ་ཡིས་ཕྲུ་གུ་འདི་བཙལ་ནས་གསད་རྩིས་འདུག” ཅེས་བཤད་པས། 14 ཡོ་སེབ་ཡར་ལངས་ནས་མཚན་མོ་དེ་རང་ལ་ཕྲུ་གུ་དང་ཨ་མ་ཁྲིད་ནས་ཨ་ཇིབ་ཡུལ་ལ་ཕྱིན་པ་དང་། 15 ཧེ་ལོ་དཱ་མ་ཤི་བའི་བར་དུ་དེར་བསྡད། དེ་ལྟར་ཡ་ཧོ་ཝཱས་སྔོན་ཤེས་པ་བརྒྱུད་ནས་ “ངས་ཨེ་ཇིབ་ཡུལ་ནས་ངའི་བུ་བོས་པ་ཡིན” ཞེས་གསུངས་པ་དངོས་སུ་གྲུབ།

16 རྗེས་ལ་ཧེ་ལོ་དཱ་ཡིས་སྐར་རྩིས་པ་རྣམས་ཀྱིས་མགོ་སྐོར་བཏང་བ་ཤེས་ནས་ཁོང་ཁྲོ་ཆེན་པོ་ལངས་པ་དང་། མི་བཏང་ནས་སྐར་རྩིས་པ་ལ་ཞིབ་དུ་འདྲི་རྩད་བྱས་པའི་དུས་ཚོད་ལ་གཞིགས་ནས་བེད་ལེ་ཧེམ་དང་ཉེ་འཁོར་གྱི་ས་ཁུལ་ལ་ཡོད་པའི་ལོ་གཉིས་དང་དེ་ལས་ཆུང་བའི་བུ་ཚང་མ་བསད། 17 སྐབས་དེར་སྔོན་ཤེས་པ་ཡེ་རེམ་ཡཱ་གི་སྔོན་བཤད་དངོས་སུ་གྲུབ། 18 “ར་མཱ་ལ་ངུ་སྐད་དང་སྡུག་སྐད་ཆེན་པོ་ཐོས་སོང་། ར་ཧེལ་གྱིས་ཁོ་མོའི་ཕྲུ་གུའི་ཆེད་དུ་ངུ་གི་འདུག ཕྲུ་གུ་ཚང་མ་མེད་པར་གྱུར་བས་ཁོ་མོས་སེམས་གསོ་དང་ལེན་བྱེད་འདོད་མེད” ཅེས་བཀོད་ཡོད།

19 ཧེ་ལོ་དཱ་ཤི་བའི་རྗེས་ལ་ཡ་ཧོ་ཝཱའི་ཕོ་ཉ་ཞིག་ཨེ་ཇིབ་ཡུལ་དུ་བསྡད་པའི་ཡོ་སེབ་ལ་རྨི་ལམ་ནང་དུ་མངོན་ནས། 20 “ཡར་ལངས་ནས་ཕྲུ་གུ་དང་དེའི་ཨ་མ་ཁྲིད་ནས་ཨི་སི་ར་ཨེལ་ཡུལ་དུ་ལོག་དང་། ཕྲུ་གུ་འདི་གསད་འདོད་མཁན་རྣམས་ཤི་ཚར་སོང” ཞེས་བཤད་པས། 21 ཡོ་སེབ་ཡར་ལངས་ནས་ཕྲུ་གུ་དང་དེའི་ཨ་མ་ཁྲིད་ནས་ཨི་སི་ར་ཨེལ་ཡུལ་དུ་འཛུལ། 22 འོན་ཀྱང་ཨཱ་ཀེ་ར་འུ་གིས་ཁོའི་ཕ་ཧེ་ལོ་དཱ་ཡི་ཤུལ་དུ་ཡ་ཧུ་དཱ་ཡུལ་དབང་སྒྱུར་བྱེད་བཞིན་ཡོད་པ་ཐོས་ནས་ས་ཆ་དེར་འགྲོ་བར་ཞེད་སྣང་སྐྱེས། གཞན་ཡང་རྨི་ལམ་ནང་དུ་དཀོན་མཆོག་གིས་ཉན་བརྡ་བཏང་བས། ཀཱ་ལི་ལི་ཡུལ་དུ་ཕྱིན་ནས་ 23 ནཱ་ཙ་རེལ་ཟེར་བའི་གྲོང་སྡེའི་ནང་དུ་གཞིས་ཆགས། སྔོན་ཤེས་པ་རྣམས་ཀྱིས་“ཁོང་ལ་ནཱ་ཙ་རེལ་གྱི་མི་ཟེར་བར་འགྱུར”ཞེས་བཤད་པ་དངོས་སུ་གྲུབ།