མད་ཐཱ་ལེའུ་གསུམ་པ།

Matthew 3


1 རྗེས་སུ་ཆུ་ལ་སྦངས་སྲོལ་བྱེད་མཁན་ཡོ་ཧ་ནན་གྱིས་ཡ་ཧུ་དཱ་ཡུལ་གྱི་འབྲོག་སྟོང་དུ་ཡོང་ནས་ཆོས་སྤེལ། 2 ཁོང་གིས་“ཁྱེད་ཚོས་འགྱོད་བཤགས་བྱེད་དང་། ནམ་མཁའི་རྒྱལ་སྲིད་ཐག་ཉེ་རུ་སླེབས་འདུག” ཅེས་བཤད། 3 དོན་དངོས་ཐོག་སྔོན་ཤེས་པ་ཡེ་ཤ་ཡཱ་གིས་བཤད་པ་ནི་མི་འདིའི་སྐོར་ཡིན། “ཉོན་ཞིག འབྲོག་སྟོང་དུ་སྐད་རྒྱག་མཁན་འདུག 'ཁྱོད་ཚོས་ཡ་ཧོ་ཝཱའི་ལམ་གྲ་སྒྲིག་བྱེད་དང་། ཁོང་གི་ལམ་ཁ་དྲང་མོར་བཟོས་དང'” 4 ཡོ་ཧ་ནན་གྱིས་ང་མོང་གི་སྤུའི་གོས་གྱོན་ནས་རྐེད་པར་ཀོ་བའི་སྐེ་རགས་བཅིངས། ཟས་ལ་འབུ་ཆ་ག་པ་དང་རི་སྐྱེས་ཀྱི་འབྲང་རྩི་བཟས། 5 སྐབས་དེ་དུས་གྲོང་ཁྱེར་ཨེ་རུ་ཤ་ལེམ་དང་ཡ་ཧུ་དཱ་ཡུལ་ཧྲིལ་པོ་དང་ཡོར་དན་གཙང་པོའི་ས་རྒྱུས་ཡོངས་ཀྱི་མི་རྣམས་ཡོ་ཧ་ནན་གྱི་མདུན་དུ་ཡོང་། 6 ཁོ་ཚོས་རང་ཉིད་ཀྱི་སྡིག་པ་སྦ་གསང་མེད་པར་ངོ་ལེན་བྱས་ནས་ཡོར་དན་གཙང་པོའི་ནང་དུ་ཆུ་ལ་སྦངས་སྲོལ་ལེན།

7 ཕཱ་རི་སི་ཤོག་ཁག་དང་སཱ་དུ་སི་ཤོག་ཁག་གི་མི་རྣམས་མང་པོ་ཆུ་ལ་སྦངས་སྲོལ་བྱེད་པའི་ས་ཆར་ཡོང་བ་མཐོང་སྐབས། ཡོ་ཧ་ནན་གྱིས་ཁོ་ཚོར། “དུག་སྦྲུལ་གྱི་རྒྱུད་པ་རྣམས། སུས་ཁྱེད་ཚོར་སླེབས་ངེས་ཡོད་པའི་དཀོན་མཆོག་གི་ཁོང་ཁྲོ་ལས་བྲོས་དགོས་པའི་ཉེན་བརྡ་བཏང་བྱུང་། 8 ཁྱེད་ཚོས་འགྱོད་བཤགས་ཀྱི་སེམས་དང་མཚུངས་པའི་བྱ་སྤྱོད་སྤེལ་དང་། 9 སེམས་ནང་དུ་'ང་ཚོར་མེས་པོ་ཨབ་ར་ཧམ་ཡོད' ཅེས་བཤད་མི་ཆོག ངས་ཁྱེད་ཚོར་ཟེར། དཀོན་མཆོག་གིས་རྡོ་འདི་ཚོ་ལས་ཨབ་ར་ཧམ་ལ་རྒྱུད་པ་སྐྱེ་རུ་བཅུག་པའི་ནུས་པ་ཡོད། 10 སྟ་གྲི་ཤིང་གི་རྩ་བའི་སྒང་ལ་བཞག་འདུག འབྲས་བུ་བཟང་པོ་མི་སྐྱེ་བའི་ཤིང་སྡོང་ཚང་མ་བཏུབ་ནས་མེ་ལ་དབྱུགས་རྒྱུ་རེད། 11 ཁྱེད་ཚོའི་འགྱོད་བཤགས་བྱས་པས་ངས་ཁྱེད་ཚོར་ཆུ་ཡིས་སྦངས་སྲོལ་བྱེད་ཀྱི་ཡིན། ཡིན་ན་ཡང་ངའི་རྗེས་ལ་སླེབས་མཁན་ང་ལས་ཤུགས་ཆེ་བ་དང་། ང་ལ་ཁོང་གི་ལྷམ་སྒྲོག་བཀྲོལ་བའི་ཐོབ་ཐང་ཡང་མེད། ཁོང་གིས་ཁྱེད་ཚོར་ལྷད་མེད་ནུས་ཤུགས་དང་མེ་ཡིས་སྤངས་སྲོལ་གནང་གི་རེད། 12 ཁོང་གི་ལག་པར་ལྷགས་འཕྱར་གཏོང་བའི་སྦྱག་མ་ཡོད། ཁོང་གིས་གཡུལ་ལས་གཏོང་ས་གཙང་མ་གཙང་རྐྱང་བཟོས་ནས་ཁོང་གི་གྲོ་རྣམས་མཛོད་ཁང་ནང་དུ་བསྡུ་ཞིང་ཕུབ་མ་རྣམས་གསོད་མི་ཐུབ་པའི་མེ་ལ་བསྲེག”

13 སྐབས་དེར་ཡེ་ཤུ་ཀཱ་ལི་ལི་ཡུལ་ནས་ཡོར་དན་གཙང་པོའི་ནང་དུ་ཡོ་ཧ་ནན་གྱི་ཆུ་ལ་སྦངས་སྲོལ་ལེན་པའི་ཆེད་དུ་སླེབས། 14 འོན་ཀྱང་ཡོ་ཧ་ནན་གྱིས་ཁོང་ལ་བཀག་འགོག་བྱས་པའི་ཆེད་དུ། “ང་རང་ཁྱེད་རང་ནས་ཆུ་ལ་སྤངས་སྲོལ་ལེན་དགོས་པ་ཞིག་ཡིན། ཁྱེད་རང་གིས་ང་བཙལ་བ་གང་ཡིན”ཞེས་བཤད། 15 ཡེ་ཤུས་ལན་དུ། “ད་རེ་འདི་ལྟར་བྱེད་དང་། ང་ཚོས་འདི་ལྟར་བྱས་ནས་དཀོན་མཆོག་གི་དགོངས་པ་ལྟར་བྱ་བ་བསྒྲུབ་དགོས” ཞེས་བཤད་པས། ཡོ་ཧ་ནན་གྱིས་བཀག་འགོག་བྱེད་པ་མཚམས་བཞག 16 ཡེ་ཤུས་ཆུ་ལ་སྦངས་སྲོལ་ལེན་མ་ཐག་ཆུ་ནས་ཡར་ལངས། སྐབས་དེར་ནམ་མཁའ་ཁ་ཕྱེ་བ་དང་། ཡོ་ཧ་ནན་གྱིས་དཀོན་མཆོག་གི་ནུས་ཤུགས་ཕུག་རོན་ལྟར་ཡེ་ཤུའི་སྟེང་དུ་མར་བབས་པ་མཐོང་། 17 དེ་མ་ཟད་ནམ་མཁའ་ནས་སྒྲ་ཞིག་ཐོས་ནས་“འདི་ནི་ངའི་བརྩེ་བའི་བུ། ང་ལ་དགའ་སྤྲོ་སྐྱེད་མཁན་ཡིན།” ཞེས་གསུངས།