མད་ཐཱ་ལེའུ་བཞི་པ།

Matthew 4


1 དེ་ནས་ལྷད་མེད་ནུས་ཤུགས་ཀྱིས་ཡེ་ཤུ་འབྲོག་སྟོང་དུ་ཁྲིད། 2 ཁོང་གིས་ཉིན་མཚན་བཞི་བཅུའི་རིང་སྨྱུང་གནས་བསྲུངས་པའི་རྗེས་སུ་བཀྲེས་ལྟོགས་མྱངས། 3 དེར་སླུ་བྲིད་མཁན་ཡོང་ནས་ཡེ་ཤུ་ལ། “གལ་སྲིད་ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་རྡོ་འདི་ཚོ་ལ་བཀའ་གནང་ནས་བག་ལེབ་ལ་འགྱུར་དུ་བཅུག་དང” ཞེས་བཤད། 4 འོན་ཀྱང་ཡེ་ཤུས་ལན་དུ་ 'མི་ཡིས་བག་ལེབ་ཁོ་ནར་མ་བརྟེན་པར་ཡ་ཧོ་ཝཱའི་ཞལ་ནས་ཐོན་པའི་གསུང་རེ་རེ་ཐམས་ཅད་ལ་བརྟེན་ནས་གསོན་དགོས' ཞེས་གསུང་རབ་ལ་བྲིས་ཡོད” ཅེས་བཤད།

5 དེ་ནས་བདུད་ཀྱིས་ཁོང་ཁྱད་དུ་འཕགས་པའི་གྲོང་ཁྱེར་ནང་དུ་ཁྲིད་ནས་ཁོང་མཆོད་ཁང་གི་ལྕགས་རིའི་སྟེང་དུ་ལངས་སུ་བཅུག 6 ཁོས་ཡེ་ཤུ་ལ། “གལ་སྲིད་ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་མར་མཆོང་དང་། གང་ཡིན་ཟེར་ན་གསུང་རབ་ནང་དུ་'དཀོན་མཆོག་གིས་ཁྱེད་ཀྱི་ཆེད་དུ་ཕོ་ཉར་བཀའ་མངགས་གནང་། ཁྱེད་ཀྱི་རྐང་པ་རྡོ་ལ་མི་རྡེབ་པའི་ཆེད་དུ་ཕོ་ཉ་རྣམས་ཀྱིས་ཁྱེད་ལག་པའི་སྟེང་དུ་བཏེག་ནས་འཁྱེར' ཞེས་བྲིས་ཡོད” ཅེས་བཤད། 7 ཡེ་ཤུས་ལན་དུ། “'ཁྱོད་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་ཉམས་ཚོད་ལེན་མི་ཆོག'ཅེས་ཀྱང་གསུང་རབ་ནང་དུ་བྲིས་ཡོད” ཅེས་བཤད།

8 ཡང་བདུད་ཀྱིས་ཁོང་རྒྱུན་ལྡན་ལས་འདས་པའི་རི་མཐོ་པོ་ཞིག་དུ་ཁྲིད་པ་དང་། ཁོང་ལ་འཛམ་གླིང་གི་རྒྱལ་སྲིད་ཐམས་ཅད་དང་དེའི་གཟི་བརྗིད་བསྟན་ནས་ 9 ཡེ་ཤུ་ལ། “གལ་སྲིད་ཁྱེད་རང་གིས་ང་ལ་གུས་ཕྱག་ཕུལ་ནས་དད་བཀུར་གྱི་བྱ་སྤྱོད་ཐེངས་མ་གཅིག་ཙམ་བྱེད་པ་ཡིན་ན་ངས་འདི་ཚོ་ཚང་མ་ཁྱེད་རང་ལ་འབུལ་གྱི་ཡིན” ཞེས་བཤད། 10 ཡེ་ཤུས་ལན་དུ། “སཱ་ཏན། ཕར་རྒྱུགས་ཤིག གསུང་རབ་ནང་དུ་ 'ཁྱོད་ཀྱི་དད་བཀུར་ཞུ་དགོས་ས་ནི་ཁྱོད་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ཡིན། ཁོང་ཁོ་ནར་བསྙན་བཀུར་ཞུ་དགོས' ཞེས་བྲིས་ཡོད” ཞེས་བཤད། 11 སྐབས་དེར་བདུད་ཁོང་དང་ཁ་བྲལ་བ་དང་། ལྷའི་ཕོ་ཉ་རྣམས་ཡོང་ནས་ཁོང་ལ་ཞབས་ཕྱི་ཞུས།

12 ཡེ་ཤུས་ཡོ་ཧ་ནན་འཛིན་བཟུང་ཐེབས་པ་ཐོས་ནས་ཀཱ་ལི་ལི་ཡུལ་དུ་ཕྱིར་བཏོན། 13 རྗེས་ལ་ཁོང་ནཱ་ཙ་རེལ་ནས་ཟེ་བུ་ལུན་དང་ནབ་ཐཱ་ལི་ཡུལ་གྱི་མཚོ་འགྲམ་ལ་ཡོད་པའི་ཀཱ་པེར་ན་ཧུམ་གྲོང་ཁྱར་ལ་གནས་སྤོས་ནས་བསྡད། 14 དེ་ནི་སྔོན་ཤེས་པ་ཡེ་ཤ་ཡཱ་བརྒྱུད་ནས་གསུངས་པ་དངོས་སུ་གྲུབ་པའི་ཆེད་དུ་ཡིན་ཏེ། 15 “ཟེ་བུ་ལུན་དང་ནབ་ཐཱ་ལི་གི་ས་ཆ། མཚོ་འགྲམ་ལ་འགྲོ་བའི་ལམ་བར། ཡོར་དན་གཙང་པོའི་ཕར་ཕྱོགས། མི་རིགས་གཞན་པའི་ཀཱ་ལི་ལི་ཡུལ། 16 མུན་ནག་འོག་ཏུ་བསྡད་པའི་མི་སེར་གྱིས་འོད་ཆེན་པོ་ཞིག་མཐོང་སོང་། ཤི་བའི་གྲིབ་ནག་འོག་གི་ས་ཁོངས་ལ་བསྡད་པའི་མི་རྣམས་ཀྱི་སྟེང་དུ་འོད་ཤར་སོང” 17 སྐབས་དེ་ནས་བཟུང་ཡེ་ཤུས་ཆོས་སྤེལ་བ་འགོ་བཙུགས་ནས། “ཁྱེད་ཚོ་འགྱོད་བཤགས་བྱེད་དང་། ནམ་མཁའི་རྒྱལ་སྲིད་ཐག་ཉེ་རུ་སླེབས་འདུག” ཅེས་བཤད།

18 ཡེ་ཤུ་ཀཱ་ལི་ལིའི་མཚོ་འགྲམ་བརྒྱུད་ནས་འགྲོ་སྐབས། ཁོང་གིས་གཅེན་གཅུན་གཉིས། མིང་ལ་པེ་ཏྲོ་ཟེར་བའི་སི་མོན་དང་ཁོའི་བུ་སྤུན་ཨན་དྲེ་ཡཱ་གིས་མཚོ་ལ་ཉ་རྒྱ་ཞིག་འཕེན་བཞིན་ཡོད་པ་མཐོང་། ཁོ་གཉིས་ཉ་པ་ཡིན། 19 ཡེ་ཤུས་ཁོ་ཚོར། “ངའི་རྗེས་སུ་ཤོག་དང་། ངས་ཁྱེད་ཚོ་ཉ་མ་ཡིན་པར་མི་རྣམས་འཐོབ་པའི་ཉ་པ་བྱེད་དུ་བཅུག” ཞེས་བཤད། 20 ཁོ་གཉིས་ཀྱིས་འཕྲལ་དུ་ཉ་རྒྱ་དེ་མར་དབྱུགས་ནས་ཁོང་གི་རྗེས་སུ་འབྲངས། 21 ཡེ་ཤུས་དེ་ནས་མུ་མཐུད་དུ་འགྲོ་སྐབས། གཅེན་གཅུན་གཞན་པ། ཟེ་བེད་ཡཱ་གི་བུ་གཉིས་ཡ་ཀོབ་དང་ཡོ་ཧ་ནན་གྱིས་ཕ་ཟེ་བེད་ཡཱ་དང་མཉམ་དུ་གྲུའི་སྟེང་དུ་ཉ་རྒྱ་བཟོ་བཅོས་བྱེད་བཞིན་ཡོད་པ་མཐོང་། ཁོ་ཚོར་བོས་པ་དང་། 22 ཁོ་གཉིས་ཀྱིས་འཕྲལ་དུ་གྲུ་དང་ཕ་དེར་བཞག་ནས་ཡེ་ཤུའི་རྗེས་སུ་འབྲངས།

23 དེ་ནས་ཡེ་ཤུ་ཀཱ་ལི་ལི་ཡུལ་ཡོངས་སུ་སྐོར་བསྐྱོད་བྱས་ནས་ཚོགས་ཁང་རྣམས་ནང་དུ་སློབ་སྟོན་བྱས་པ་དང་། རྒྱལ་སྲིད་ཀྱི་གཏམ་བཟང་ཁྱབ་སྤེལ་ནས་མི་སེར་གྱི་ན་ཚ་དང་ལུས་ཀྱི་མི་བདེ་བ་སྣ་ཚོགས་བསལ་བས། 24 ཁོང་གི་སྐད་གྲགས་སི་རི་ཡཱ་ཡུལ་ཡོངས་སུ་ཁྱབ། མི་རྣམས་ཀྱིས་ན་ཚ་དང་ན་ཟུག་མི་འདྲ་བ་ཕོག་མཁན་ཚང་མ། ལྷའི་ཕོ་ཉ་ངན་པས་ཁ་ལོ་སྒྱུར་བའི་མི། གྲིབ་སྐྱོན་ཕོག་པའི་མི་བཅས་ཁྲིད་ནས་ཁོང་གི་མདུན་དུ་ཡོང་། ཁོང་གིས་མི་དེ་ཚོའི་ནད་བསལ། 25 དེའི་རྐྱེན་གྱིས་མི་ཚོགས་ཆེན་པོ་ཞིག་ཀཱ་ལི་ལི་ཡུལ་དང་དེ་ཁཱ་པོ་ལིས་ཡུལ། ཡེ་རུ་ཤ་ལེམ་གྲོང་ཁྱེར། ཡ་ཧུ་དཱ་ཡུལ། ཡོར་དན་གཙང་པོའི་ཕར་ཕྱོགས་བཅས་ནས་ཡོང་ནས་ཁོང་གི་རྗེས་སུ་འབྲངས།