མད་ཐཱ་ལེའུ་ལྔ་པ།
Matthew 5
1 ཡེ་ཤུས་མི་ཚོགས་མཐོང་ནས་རི་ཞིག་གི་སྟེང་དུ་འཛེགས། ཁོང་མར་བསྡད་པ་དང་དགེ་ཕྲུག་རྣམས་ཁོང་གི་འཁྲིས་སུ་ཡོང་། 2 ཁོང་གིས་ཁ་གདངས་ནས་སློབ་སྟོན་འགོ་བཙུགས་ཏེ་བཤད་པར།
3 “རང་ཉིད་ལ་དཀོན་མཆོག་གི་ཁྲིད་སྟོན་དགོས་པ་ཧ་གོ་མཁན་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ནམ་མཁའི་རྒྱལ་སྲིད་ནི་ཁོ་ཚོའི་ཡིན།
4 “སེམས་སྡུག་བྱེད་མཁན་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ཁོ་ཚོར་སེམས་གསོ་འཐོབ།
5 “གཤིས་རྒྱུད་འཇམ་པོ་ཅན་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ཁོ་ཚོར་ས་གཞི་འཐོབ།
6 “ལྟོགས་ཞིང་སྐོམ་པ་ལྟར་དྲང་བདེན་འཚོལ་མཁན་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ཁོ་ཚོའི་དགོས་མཁོ་ཁེང་བར་འགྱུར།
7 “བྱམས་སྙིང་རྗེ་ཅན་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ཁོ་ཚོར་བྱམས་སྙིང་རྗེ་འཐོབ།
8 “ ལྷད་མེད་སེམས་ཀྱི་མི་རྣམས་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ཁོ་ཚོས་དཀོན་མཆོག་མཐོང་ངེས་ཡིན།
9 “ཞི་བདེ་བཟོ་མཁན་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ཁོ་ཚོར་དཀོན་མཆོག་གི་བུ་ཕྲུག་ཅེས་ཟེར་བར་འགྱུར།
10 “དྲང་བདེན་གྱི་ཆེད་དུ་མནར་གཅོད་འཁྱེར་མཁན་ལ་བདེ་སྐྱིད་ཡོད། གང་ཡིན་ཟེར་ན་ནམ་མཁའི་རྒྱལ་སྲིད་ནི་ཁོ་ཚོའི་ཡིན།
11 “མི་རྣམས་ཀྱིས་ངའི་དོན་དུ་ཁྱེད་ཚོར་དམའ་འབེབས་དང་མནར་གཅོད་བཏང་བ་དང་། རྫུན་གཏམ་བཟོས་ནས་ཚིག་ངན་སྣ་ཚོགས་བཤད་དུས་ཁྱེད་ཚོར་བདེ་སྐྱིད་ཡོད། 12 དགའ་སྤྲོ་སྐྱེད་ནས་དགའ་ཚོར་ཆེན་པོ་བྱེད་དང་། གང་ཡིན་ཟེར་ན་ནམ་མཁའི་སྟེང་དུ་ཁྱེད་ཚོར་བྱ་དགའ་ཆེན་པོ་ཡོད། མི་རྣམས་ཀྱིས་ཁྱེད་ཚོའི་སྔོན་ལ་ཡོད་པའི་སྔོན་ཤེས་པ་རྣམས་ལའང་དེ་ལྟར་མནར་གཅོད་བཏང་བ་རེད།
13 “ཁྱེད་ཚོ་ས་སྟེང་གི་ཚྭ་ཡིན། འོན་ཀྱང་གལ་སྲིད་ཚྭའི་བྲོ་བ་ཡལ་ན། གང་འདྲ་བྱས་ནས་སླར་ཡང་ཚྭ་ཁུ་བཟོ་ཐུབ་བམ། དེ་བེད་སྤྱོད་བྱེད་ས་གང་ཡང་མེད་པས་ཕྱི་ལ་གཡུགས་ནས་མིས་རྐང་པས་རྫི་གི་རེད།
14 “ཁྱེད་ཚོ་ནི་འཛམ་གླིང་གི་འོད་ཡིན། གྲོང་ཁྱེར་ཞིག་རི་སྟེང་ལ་བཙུགས་ཡོད་ན་དེ་བཀབ་མི་ཐུབ། 15 མི་རྣམས་ཀྱིས་སྒྲོན་མེ་ཞིག་སྤར་ན་སླེལ་པོའི་འོག་ཏུ་མི་གཞག་པར་སྒྲོན་སྟེགས་སྟེང་དུ་གཞག་པས། དེས་ཁང་པའི་ནང་གི་མི་ཚང་མར་འོད་འཕྲོ། 16 དེ་ལྟར་ཁྱེད་ཚོའི་འོད་ཀྱང་མི་རྣམས་ཀྱི་མདུན་དུ་འཕྲོ་བར་བྱེད་དང་། དེ་ལྟར་བྱས་ན་ཁོ་ཚོས་ཁྱེད་ཚོའི་བྱ་སྤྱོད་བཟང་པོ་ལ་བལྟས་ནས་ནམ་མཁར་བཞུགས་པའི་ཁྱེད་ཚོའི་ཡབ་ལ་གཟི་བརྗིད་འབུལ་ངེས་ཡིན།
17 “ཁྱེད་ཚོས་ངས་བཀའ་ཁྲིམས་དང་སྔོན་ཤེས་པའི་གསུང་མེད་པ་བཟོ་བའི་ཆེད་དུ་ཡོང་བ་རེད་མ་བསམས་ཤིག ང་མེད་པ་བཟོ་བའི་ཆེད་དུ་མ་ཡིན་པར་དངོས་སུ་སྒྲུབ་པའི་ཆེད་དུ་ཡོང་བ་ཡིན། 18 ངས་ཁྱེད་ཚོར་བདེན་པ་ཟེར། ཐ་ན་གནམ་ས་མེད་པར་འགྱུར་ན་ཡང་བཀའ་ཁྲིམས་ཀྱི་ཡིག་འབྲུ་ཆུང་ཤོས་དང་ཡིག་འབྲུའི་ཐིག་གཅིག་ཀྱང་མེད་པར་འགྱུར་མི་སྲིད། དེ་ཚོ་ཚང་མ་དངོས་སུ་འགྲུབ་ངེས་ཡིན། 19 མི་སུས་ཀྱང་བཀའ་དེ་ཚོའི་ནང་གི་དོན་ཚན་ཆུང་ཤོས་ཞིག་དང་འགལ་ནས་མི་གཞན་ལའང་དེ་ལྟར་བྱེད་པར་བསླབས་ན། མི་དེར་ནམ་མཁའི་རྒྱལ་སྲིད་ལ་འཛུལ་མི་འོས་པ་ཞིག་ཟེར། འོན་ཀྱང་བཀའ་ཁྲིམས་བརྩི་སྲུང་བྱས་ནས་མི་གཞན་ལའང་སློབ་མཁན་ལ་ནམ་མཁའི་རྒྱལ་སྲིད་ལ་འཛུལ་འོས་པ་ཞིག་ཟེར། 20 ངས་ཁྱེད་ཚོར་ཟེར། གལ་སྲིད་ཁྱེད་ཚོའི་དྲང་བདེན་བཀའ་ཁྲིམས་མཁས་པ་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས་ཀྱི་དྲང་བདེན་ལས་ལེགས་པ་མེད་ན། ཁྱེད་ཚོ་ནམ་ཡང་ནམ་མཁའི་རྒྱལ་སྲིད་ལ་འཛུལ་མི་ཐུབ།
21 “གནའ་བོའི་མི་རྣམས་ལ་ 'མི་གསད་མི་ཆོག འོན་ཀྱང་གལ་སྲིད་མི་བསད་ན་ཁྲིམས་སར་འདྲི་གཅོད་ལེན་དགོས'ཞེས་གསུངས་པ་ཁྱེད་ཚོས་གོ་མྱོང་ཡོད། 22 འོན་ཀྱང་ངས་ཁྱེད་ཚོར་ཟེར། མི་སུས་ཀྱང་རང་གི་སྤུན་ཟླ་ལ་མུ་མཐུད་སྡང་སེམས་བཅངས་ན། མི་དེས་ཁྲིམས་སར་འདྲི་གཅོད་ལེན་རྒྱུ་རེད། མི་སུས་ཀྱང་རང་གི་སྤུན་ཟླ་ལ་ཐལ་དྲགས་པའི་ཚིག་ངན་བཤད་ནས་དམའ་འབེབས་བཏང་ན་ཆེས་མཐོའི་ཁྲིམས་སར་འདྲི་གཅོད་ལེན་རྒྱུ་རེད། མི་སུས་ཀྱང་'མ་རབས་ཀྱི་གླེན་པ་ཁྱོད'བཤད་ན། མི་དེ་མེ་ལྕེ་འབར་བའི་ཧིན་ནོམ་གྱི་ལུང་གཞོང་དུ་དབྱུག་རྒྱུ་རེད།
23 “དེའི་རྐྱེན་གྱིས་ཁྱེད་ཀྱིས་མཆོད་པ་ཁྱེར་ནས་མཆོད་ཁྲིའི་མདུན་དུ་སླེབས་སྐབས། གལ་སྲིད་སྤུན་ཟླ་ཞིག་ལ་ཁྱེད་ཀྱི་སྐོར་ཡི་མི་རང་བའི་བསམ་ཚུལ་ཡོད་པ་དྲན་གསོས་སོང་ན། 24 ཁྱེད་ཀྱི་མཆོད་པ་དེ་མཆོད་ཁྲིའི་མདུན་དུ་བཞག་ནས་འགྲོ་དང་། སྔོན་ལ་ཁྱེད་ཀྱི་སྤུན་ཟླ་དང་འདུམ་སྒྲིག་བྱེད་དགོས། དེ་ནས་ལོག་ཡོང་ནས་ཁྱེད་ཀྱི་མཆོད་པ་ཕུལ་དང་།
25 “ཁྱེད་ལ་ཁ་གཏད་ནས་ཞུ་གཏུག་བྱེད་མཁན་དང་ཁྲིམས་སར་འགྲོ་བའི་ལམ་བར་དུ་གང་མགྱོགས་གནད་དོན་ཐག་གཅོད་བྱེད་དགོས།་དེ་མིན་ན་ཞུ་གཏུག་བྱེད་མཁན་གྱིས་ཁྱེད་ཁྲིམས་དཔོན་ལ་རྩིས་སྤྲད་ཀྱི་རེད་ལ། ཁྲིམས་དཔོན་གྱིས་ཁྲིམས་སའི་ཞབས་ཕྱིར་རྩིས་སྤྲད་ནས་ཁྱེད་བཙོན་ཁང་ནང་ལ་འཇུག་གི་རེད། 26 ངས་ཁྱེད་ལ་བདེན་པ་ཟེར། ཁྱེད་ཀྱིས་མཐའ་མའི་སྒོར་མོ་ཆུང་ཆུང་གཅིག་མ་འཇལ་གོང་ནམ་ཡང་དེ་ལས་འཐོན་མི་ཐུབ།
27 “'ཕོ་མོ་འགབ་མཐུན་བྱེད་མི་ཆོག'ཅེས་གསུངས་པ་ཁྱེད་ཚོས་གོ་མྱོང་ཡོད། 28 འོན་ཀྱང་ངས་ཁྱེད་ཚོར་ཟེར། མི་སུས་ཀྱང་བུད་མེད་ཅིག་ལ་བལྟས་ནས་འདོད་ཆགས་སྐྱེས་ན། མི་དེས་རང་གི་སེམས་ནང་ལ་ཁོ་མོ་མཉམ་དུ་འགབ་མཐུན་བྱས་ཟིན་ཡོད། 29 གལ་སྲིད་ཁྱེད་ཀྱི་མིག་གཡས་པས་ཁྱེད་ལ་སྡིག་པ་བསག་ཏུ་བཅུག་ན་དེ་བཏོན་ནས་གཡུགས་ཤིག ཁྱེད་ཀྱི་ལུས་པོ་ཧྲིལ་པོ་ཧིན་ནོམ་གྱི་ལུང་གཞོང་ལ་གཡུག་པ་ལས་ཁྱེད་ཀྱི་ལུས་པོའི་ཡན་ལག་གཅིག་བརླག་པ་ལེགས། 30 གལ་སྲིད་ཁྱེད་ཀྱི་ལག་པ་གཡས་པས་ཁྱེད་ལ་སྡིག་པ་བསག་ཏུ་བཅུག་ན། དེ་བཅད་ནས་གཡུགས་ཤིག ཁྱེད་ཀྱི་ལུས་པོ་ཧྲིལ་པོ་ཧིན་ནོམ་གྱི་ལུང་གཞོན་ལ་ལྷུང་བ་ལས་ཁྱེད་ཀྱི་ལུས་ཀྱི་ཡན་ལག་གཅིག་བརླག་པ་ལེགས།
31 “ད་དུང་'རང་གི་ཆུང་མ་དང་ཁ་བྲལ་ན་ཁོ་མོར་བཟའ་ཚང་ཁ་བྲལ་བའི་དཔང་ཡིག་སྤྲོད་དགོས'ཞེས་གསུངས་ཡོད། 32 འོན་ཀྱང་ངས་ཁྱེད་ཚོར་ཟེར། སུ་ཞིག་གིས་ཕོ་མོ་བར་གྱི་ཀུན་སྤྱོད་གཙང་མ་མིན་པའི་རྐྱེན་གྱིས་མ་གཏོགས་པར་ཆུང་མ་དང་ཁ་བྲལ་ན། མི་དེས་ཁོ་མོ་ལ་འགབ་མཐུན་བྱེད་དུ་བཅུག་སྲིད། མི་སུས་ཀྱང་བཟའ་ཚང་ཁ་བྲལ་བའི་བུད་མེད་དང་གཉེན་སྒྲིག་བྱས་ན། དེ་ནི་ཕོ་མོ་འགབ་མཐུན་ཡིན།
33 “གནའ་བོའི་མི་རྣམས་ལ་'དམ་བཅའ་བཞག་ན་དེ་དང་འགལ་མི་ཆོག ཁྱེད་ཀྱིས་ངེས་པར་དུ་ཡ་ཧོ་ཝཱ་ལ་ཁས་ལེན་པའི་དམ་བཅའ་སྒྲུབ་དགོས'ཞེས་གསུངས་པ་ཁྱེད་ཚོས་གོ་མྱོང་ཡོད། 34 འོན་ཀྱང་ངས་ཁྱེད་ཚོར་ཟེར། ཁྱེད་ཚོས་ནམ་ཡང་མནའ་སྐྱེལ་མི་ཆོག ནམ་མཁའ་དཔང་དུ་བཙུགས་ནས་མནའ་སྐྱེལ་མི་ཆོག གང་ཡིན་ཟེར་ན་དེ་དཀོན་མཆོག་གི་བཞུགས་ཁྲི་ཡིན། 35 ས་གཞི་དཔང་དུ་བཙུགས་ནས་མནའ་སྐྱེལ་མི་ཆོག གང་ཡིན་ཟེར་ན་དེ་དཀོན་མཆོག་གི་ཞབས་སྟེགས་ཡིན། ཡེ་རུ་ཤ་ལེམ་དཔང་དུ་བཙུགས་ནས་མནའ་སྐྱེལ་མི་ཆོག གང་ཡིན་ཟེར་ན་དེ་རྒྱལ་པོ་རླབས་ཆེན་གྱི་གྲོང་ཁྱེར་ཡིན། 36 ཁྱེད་ཚོའི་མགོ་དཔང་དུ་བཙུགས་ནས་མནའ་སྐྱེལ་མི་ཆོག གང་ཡིན་ཟེར་ན་ཁྱེད་ཀྱིས་སྐྲ་གཅིག་ཀྱང་དཀར་པོ་ཡང་ན་ནག་པོར་སྒྱུར་མི་ཐུབ། 37 ཁྱེད་ཚོས་'ཡིན'ཟེར་ན་ཡིན། 'མིན'ཟེར་ན་མིན་དང་མཚུངས་དགོས། དེ་ལས་བརྒལ་བའི་གཏམ་ནི་བདུད་ནས་བྱུང་།
38 “'མིག་ལ་རྨས་སྐྱོན་བཏང་ན་མིག་གིས་འཇལ་དགོས། སོ་ལ་སོ་ཡིས་འཇལ་དགོས'ཞེས་གསུངས་པ་ཁྱེད་ཚོས་གོ་མྱོང་ཡོད། 39 འོན་ཀྱང་ངས་ཁྱེད་ཚོར་ཟེར། མི་ངན་དང་རྩོད་པ་རྒྱག་མི་ཆོག དེ་ལས་ལྡོག་སྟེ་མི་ཞིག་གིས་ཁྱེད་ཀྱི་འགྲམ་པ་གཡས་པར་འགྲམ་ལྕག་བཞུས་ན་ཁོ་ལ་འགྲམ་པ་གཡོན་པ་ཡང་གཞུ་རུ་བཅུག་དང་། 40 གལ་སྲིད་མི་ཞིག་གིས་ཁྱེད་ཁྲིམས་སར་ཁྲིད་ནས་ཁྱེད་ཀྱི་ནང་གོས་འཐོབ་ཐབས་བྱས་ན་ཁྱེད་ཀྱི་ཕྱི་གོས་ཀྱང་ཁོ་ལ་སྤྲོད་དང་། 41 གལ་སྲིད་དབང་ཆ་ཡོད་པའི་མི་ཡིས་ཁྱེད་ལ་སྤྱི་ལེ་གཅིག་གི་འུ་ལག་བསྐུལ་ན། ཁོ་དང་མཉམ་སུ་སྤྱི་ལེ་གཉིས་འགྲོ་དང་། 42 ཁྱེད་ལ་ཞུ་བ་འཐེན་མཁན་ལ་སྤྲོད་དགོས། ཁྱེད་ནས་གཡར་འདོད་བྱེད་མཁན་ལ་རྒྱབ་སྟོན་ནས་འགྲོ་མི་ཆོག
43 “'ཉེ་འཁོར་གྱི་མི་ལ་བརྩེ་ཞིང་དགྲ་བོར་སྡང་ཞིག'ཟེར་བའི་གཏམ་ཁྱེད་ཚོས་གོ་མྱོང་ཡོད། 44 འོན་ཀྱང་ངས་ཁྱེད་ཚོར་ཟེར། ཁྱེད་ཀྱི་དགྲ་བོར་བརྩེ་བ་བྱས་ནས་ཁྱེད་ཚོར་མནར་གཅོད་གཏོང་མཁན་གྱི་ཆེད་དུ་སྨོན་ལམ་རྒྱག་དང་། 45 དེ་ལྟར་བྱས་ན་ཁྱེད་ཚོ་ནམ་མཁར་བཞུགས་པའི་ཁྱེད་ཚོའི་ཡབ་ཀྱི་བུ་ཕྲུག་ཡིན་པ་མཚོན་ཐུབ། གང་ཡིན་ཟེར་ན་ཁོང་གིས་མི་ངན་དང་མི་བཟང་པོ་གཉིས་ཀར་ཁོང་གི་ཉི་མ་ཤར་དུ་བཅུག དྲང་བདེན་གྱི་མི་དང་དྲང་བདེན་མིན་པའི་མི་གཉིས་ཀར་ཆར་པ་འབབ་ཏུ་བཅུག 46 གལ་སྲིད་ཁྱེད་ཚོས་རང་ལ་བརྩེ་བ་བྱེད་མཁན་ཁོ་ནར་བརྩེ་བ་བྱས་ན་ཁྱེད་ཚོར་བྱ་དགའ་གང་ཡོད། ཁྲལ་སྡུད་མཁན་གྱིས་ཀྱང་དེ་ལྟར་མི་བྱེད་དམ། 47 གལ་སྲིད་ཁྱེད་ཚོས་རང་གི་སྤུན་ཟླ་ཁོ་ནར་འཚམས་འདྲི་ཞུས་ན་ཁྱེད་ཚོས་ལས་ཀ་དམིགས་བསལ་གང་བྱེད་ཀྱི་ཡོད་དམ། མི་རིགས་གཞན་དག་ཡང་དེ་ལྟར་མི་བྱེད་དམ། 48 ནམ་མཁར་བཞུགས་པའི་ཁྱེད་ཚོའི་ཡབ་ལེགས་འཛོམས་ཡིན་པ་ལྟར་ཁྱེད་ཚོ་ཡང་ལེགས་འཛོམས་ཡིན་པ་དགོས།



