མད་ཐཱ་ལེའུ་དྲུག་པ།

Matthew 6


1 “ཁྱེད་ཚོ་གཟབ་གཟབ་བྱེད་དགོས། མི་རྣམས་ཀྱིས་ཁྱེད་ཚོར་དོ་སྣང་བྱེད་པའི་ཆེད་དུ་མིའི་མདུན་དུ་ལས་བཟང་བྱེད་མི་ཆོག དེ་ལྟར་བྱས་ན་ནམ་མཁར་བཞུགས་པའི་ཁྱེད་ཚོའི་ཡབ་ཀྱིས་ཁྱེད་ཚོར་བྱ་དགའ་མི་གནང་། 2  ཁྱེད་ཚོས་སྤྱིན་པ་གཏོང་སྐབས་སྔོན་ལ་དུང་འབུད་མི་ཆོག ཟོལ་སྦྱོར་བྱེད་མཁན་གྱིས་བསྟོད་བསྔགས་འཐོབ་པའི་ཆེད་དུ་ཚོགས་ཁང་དང་ཁྲོམ་ལམ་ལ་དེ་ལྟར་བྱེད། ངས་ཁྱེད་ཚོར་བདེན་པ་ཟེར། ཁོ་ཚོར་རང་གི་བྱ་དགའ་ཚང་མ་ཐོབ་ཚར། 3  འོན་ཀྱང་ཁྱེད་ཀྱིས་སྦྱིན་པ་གཏོང་དུས་རང་གི་ལག་པ་གཡས་པའི་བྱེད་པ་དེ་ལག་པ་གཡོན་པར་ཤེས་སུ་མ་བཅུག་དང་། 4 ཁྱེད་ཀྱིས་ལྐོག་ལ་སྦྱིན་པ་གཏོང་དགོས། དེ་ལྟར་བྱས་ན་ཁྱེད་ཀྱི་ཡབ་ཀྱིས་ལྐོག་ལ་གཟིགས་ནས་བྱ་དགའ་གནང་ངེས་ཡིན།

5 “ཁྱེད་ཚོས་སྨོན་ལམ་རྒྱག་དུས་ཟོལ་སྦྱོར་བྱེད་མཁན་ལྟར་མ་བྱེད་མི་ཆོག ཁོ་ཚོས་མི་རྣམས་ཀྱིས་མཐོང་བའི་ཆེད་དུ་ཚོགས་ཁང་དང་ཁྲོམ་ལམ་གྱི་ཟུར་གདོང་ལ་ལངས་ནས་སྨོན་ལམ་རྒྱག་པར་དགའ་པོ་ཡོད། ངས་ཁྱེད་ཚོར་བདེན་པ་ཟེར། ཁོ་ཚོར་རང་གི་བྱ་དགའ་ཚང་མ་ཐོབ་ཚར། 6 ཁྱེད་ཀྱིས་སྨོན་ལམ་རྒྱག་སྐབས་རང་ཉིད་ཀྱི་ཁང་མིག་ལ་འཛུལ་ནས་སྒ་བརྒྱབ་པའི་རྗེས་སུ་ནམ་མཁར་བཞུགས་པའི་ཁྱེད་ཀྱི་ཡབ་ལ་སྨོན་ལམ་རྒྱག་དང་། ཁྱེད་ཀྱི་ཡབ་ཀྱིས་ལྐོག་ལ་གཟིགས་ནས་ཁྱེད་ལ་བྱ་དགའ་གནང་ངེས་ཡིན། 7 སྨོན་ལམ་རྒྱག་སྐབས་མི་རིགས་གཞན་གི་མི་རྣམས་ཀྱིས་བྱེད་པ་ལྟར་སྨོན་ཚིག་ཡང་སྐོར་བསྐྱར་སྐོར་མ་བཤད་མི་ཆོག ཁོ་ཚོའི་བསམ་པར་ཚིག་མང་པོ་བཤད་ན་དཀོན་མཆོག་གིས་གསན་གྱི་རེད་བསམ་གྱི་ཡོད། 8 ཁྱེད་ཚོས་ཁོ་ཚོ་ལྟར་བྱེད་མི་ཆོག གང་ཡིན་ཟེར་ན་ཁྱེད་ཀྱིས་མ་ཞུས་གོང་ལ་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་གང་དགོས་པ་མཁྱེན་ཡོད།

9  “ཁྱེད་ཚོས་འདི་ལྟར་སྨོན་ལམ་རྒྱག་དགོས།

“'ནམ་མཁར་བཞུགས་པའི་ང་ཚོའི་ཡབ། ཁྱེད་ཀྱི་མཚན་མཆོག་ཏུ་གྱུར་ནས་གུས་བཀུར་ཆེ་ཤོས་འཐོབ་པར་ཤོག 10 ཁྱེད་ཀྱི་རྒྱལ་སྲིད་ཡོང་བར་ཤོག ཁྱེད་ཀྱི་དགོངས་པ་ནམ་མཁར་འགྲུབ་པ་ལྟར་ས་སྟེང་དུ་ཡང་འགྲུབ་པར་ཤོག 11 ང་ཚོར་དེ་རིང་མཁོ་བའི་ཟ་ཆས་ཁྱེད་ཀྱིས་དེ་རིང་གནང་རོགས་གནང་། 12 ང་ཚོས་མི་གཞན་གྱི་ཉེས་པར་གུ་ཡངས་བཏང་བ་ལྟར་ཁྱེད་ཀྱིས་ཀྱང་ང་ཚོའི་སྡིག་པར་གུ་ཡངས་གཏོང་དང་། 13  ང་ཚོ་སླུ་བྲིད་འོག་ཏུ་ཚུད་མ་བཅུག་པར་བདུད་ལས་སྐྱབས་དང་།

14 “ཁྱེད་ཚོས་མི་གཞན་གྱི་ནོར་འཁྲུལ་ལ་གུ་ཡངས་བྱས་ན། ཁྱེད་ཚོའི་ནམ་མཁའི་ཡབ་ཀྱིས་ཀྱང་ཁྱེད་ཚོར་གུ་ཡངས་གནང་གི་རེད། 15 འོན་ཀྱང་ཁྱེད་ཚོས་མི་གཞན་གྱི་ནོར་འཁྲུལ་ལ་གུ་ཡངས་མི་བྱེད་ན། ཁྱེད་ཚོའི་ཡབ་ཀྱིས་ཀྱང་ཁྱེད་ཚོའི་ནོར་འཁྲུལ་ལ་གུ་ཡངས་མི་གནང་།

16 “ཁྱེད་ཚོས་སྨྱུང་གནས་སྲུང་སྐབས་ཟོལ་སྦྱོར་བྱེད་མཁན་གྱིས་བྱེད་པ་ལྟར་གདོང་སྐྱོ་པོ་བཟོ་མི་ཆོག ཁོ་ཚོས་མི་རྣམས་ལ་སྨྱུང་གནས་སྲུང་ཡོད་པ་བསྟན་པའི་ཆེད་དུ་རང་གི་རྣམ་འགྱུར་སྐྱོ་པོ་བཟོ་གི་ཡོད། ངས་ཁྱེད་ཚོར་བདེན་པ་ཟེར། ཁོ་ཚོར་རང་གི་བྱ་དགའ་ཚང་མ་ཐོབ་ཚར། 17 ཁྱེད་ཀྱིས་སྨྱུང་གནས་སྲུང་དུས་མགོ་ལ་སྣུམ་བྱུགས་ནས་གདོང་ཁྲུས་དང་། 18 དེ་ལྟར་བྱས་ན་ཁྱེད་ཀྱིས་སྨྱུང་གནས་སྲུང་བ་དེ་མི་རྣམས་ཀྱིས་མ་ཤེས་ཀྱང་། ནམ་མཁར་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱིས་གཟིགས། དེ་ནས་ཁྱེད་ཀྱི་ཡབ་ཀྱིས་ལྐོག་ལ་གཟིགས་ནས་ཁྱེད་ལ་བྱ་དགའ་གནང་ངེས་ཡིན།

19 “རང་གི་ཆེད་དུ་ས་སྟེང་དུ་ནོར་བུ་བསག་པ་མཚམས་ཞོག  ས་སྟེང་དུ་འབུ་ཡིས་ཟ་གི་རེད་ལ་བཙའ་རྒྱག་གི་རེད།  རྐུན་མ་ཡང་འཛུལ་ནས་རྐུ་གི་རེད། 20 དེ་ལས་ལྡོག་སྟེ་རང་གི་ཆེད་དུ་ནམ་མཁར་ནོར་བུ་བསག་དགོས། ནམ་མཁར་འབུ་ཡིས་ཟ་མི་སྲིད་ལ་བཙའ་ཡང་རྒྱག་མི་སྲིད། རྐུན་མ་ཡང་འཛུལ་ནས་རྐུ་མི་སྲིད། 21 ཁྱེད་ཀྱི་ནོར་བུ་ཡོད་ས་དེར་ཁྱེད་ཀྱི་སེམས་ཀྱང་ཡོད།

22 “མིག་ནི་ལུས་པོའི་སྒྲོན་མེ་ཡིན། ཁྱེད་ཀྱི་མིག་ལམ་རྩེ་གཅིག་ཏུ་བསྡུས་ཡོད་ན་ཁྱེད་ཀྱི་ལུས་ཧྲིལ་པོར་འོད་ཡོད། 23 འོན་ཀྱང་ཁྱེད་ཀྱི་མིག་འདོད་རྔམ་ཆེན་པོ་ཡོད་ན་ཁྱེད་ཀྱི་ལུས་ཧྲིལ་པོ་མུན་ནག་ཡིན། གལ་སྲིད་ཁྱེད་ནང་གི་འོད་དེ་དོན་དངོས་ཐོག་མུན་ནག་ཡིན་ན་མུན་ནག་དེ་ནག་པོ་ག་ཚོད་ཡོད།

24 “མི་སུས་ཀྱང་བདག་པོ་གཉིས་ཀྱི་གཡོག་པོ་བྱེད་མི་ཐུབ། གང་ཡིན་ཟེར་ན། མི་ཡིས་གཅིག་ལ་སྡང་ནས་གཅིག་ལ་བརྩེ་བ་བྱེད། གཅིག་ལ་ལྷག་བསམ་བྱས་ནས་གཅིག་ལ་མཐོང་ཆུང་བྱེད། ཁྱེད་ཚོས་དཀོན་མཆོག་དང་རྒྱུ་ནོར་གཉིས་ཀའི་གཡོག་པོ་བྱེད་མི་ཐུབ།

25 “དེའི་རྐྱེན་གྱིས་ངས་ཁྱེད་ཚོར་ཟེར། རང་གི་ཚེ་སྲོག་གི་ཆེད་དུ་གང་ཟ་བ་དང་གང་འཐུང་བ། རང་གི་ལུས་པོའི་ཆེད་དུ་གང་གྱོན་པ་བཅས་ཀྱི་སྐོར་སེམས་ཁྲལ་བྱེད་པ་མཚམས་ཞོག ཚེ་སྲོག་ཟ་ཆས་ལས་གལ་ཆེ་བ་དང་། ལུས་པོ་གྱོན་ཆས་ལས་གལ་ཆེ་བ་མ་རེད་དམ། 26  གནམ་གྱི་བྱ་བྱིའུ་ལ་ལྟ་ཞིབ་བྱེད་དང་། དེ་ཚོས་ས་བོན་མི་འདེབས་ལ་རྔ་བསྡུ་ཡང་མི་བྱེད། འབྲུ་ཁང་ལའང་མི་སྡུད་ཀྱང་ནམ་མཁར་བཞུགས་པའི་ཁྱེད་ཚོའི་ཡབ་ཀྱིས་དེ་ཚོར་ཟ་ཆས་གནང་གི་ཡོད། ཁྱེད་ཚོ་བྱ་བྱིའུ་ལས་རྩ་ཆེ་བ་མིན་ནམ། 27 ཁྱེད་ཚོའི་ནང་ནས་སུ་ཞིག་གིས་སེམས་ཁྲལ་ལ་བརྟེན་ནས་མི་ཚེ་དེ་བས་རིང་ཙམ་སྐྱེལ་ཐུབ་བམ། 28 ད་དུང་ཁྱེད་ཚོས་གྱོན་ཆས་ཀྱི་སྐོར་སེམས་ཁྲལ་བྱེད་པ་གང་ཡིན་ནམ། རྩ་ཐང་གི་ལུག་མཉེའི་མེ་ཏོག་གང་འདྲ་བྱས་ནས་སྐྱེ་བར་ལྟོས་དང་།  དེ་ཚོས་དཀའ་ངལ་མི་རྒྱག་ལ་སྐུད་པ་ཡང་མི་འཁལ། 29 འོན་ཀྱང་ངས་ཁྱེད་ཚོར་ཟེར། རྒྱལ་པོ་སོ་ལོ་མོན་གཟི་དཔལ་འབར་བའི་དུས་ཀྱི་རྒྱན་གོས་ཀྱང་མེ་ཏོག་དེ་ཚོ་དང་བསྡུར་ན་མེ་ཏོག་གཅིག་ལས་ཞན་པ་རེད། 30 དཀོན་མཆོག་གིས་དེ་རིང་དེར་ཡོད་ཀྱང་སང་ཉིན་ཐབ་ལ་གཡུགས་པའི་རྩ་ཐང་གི་རྩི་ཤིང་ལ་གྱོན་ཆས་གནང་ཡོད་ན། ཁོང་གིས་དེ་བས་ཀྱང་ཁྱེད་ཚོར་གྱོན་ཆས་གནང་གི་མ་རེད་དམ། ཁྱེད་ཚོའི་དད་པ་ཆུང་དྲགས་འདུག  31 'ང་ཚོ་གང་ཟ་དགོས''གང་འཐུང་དགོས''གང་གྱོན་དགོས'ཞེས་སེམས་ཁྲལ་ནམ་ཡང་མ་བྱེད་དང་། 32 དེ་ཚོ་ཚང་མ་མི་རྣམས་ཀྱིས་འབད་བརྩོན་ངང་དོན་གཉེར་བྱེད་པའི་དོན་དག་ཡིན། ཁྱེད་ཚོར་དེ་ཚོ་ཚང་མ་དགོས་མཁོ་ཡོད་པ་ནམ་མཁའི་ཡབ་ཀྱིས་མཁྱེན་གྱི་ཡོད།

33 “དེར་བརྟེན་ཁྱེད་ཚོས་ནམ་ཡང་རྒྱུན་ཆད་མེད་པར་སྔོན་ལ་རྒྱལ་སྲིད་དང་དཀོན་མཆོག་གི་དྲང་བདེན་དོན་གཉེར་བྱེད་དགོས། དེ་ལྟར་བྱས་ན་གཞན་དག་དེ་ཚོ་ཚང་མ་ཁྱེད་ཚོར་གནང་ངེས་ཡིན། 34 སང་ཉིན་གྱི་སྐོར་ནམ་ཡང་སེམས་ཁྲལ་མ་བྱེད་དང་། སང་ཉིན་ལ་སང་ཉིན་གྱི་སེམས་ཁྲལ་ཡོད། ཉིན་རེ་རེ་ལ་གནད་དོན་གང་མང་ཡོད།