མད་ཐཱ་ལེའུ་བདུན་པ།

Matthew 7


1 “ཁྱེད་ཚོས་མི་གཞན་གྱི་འགྲིག་མིན་བརྡར་ཤ་གཅད་པ་མཚམས་ཞོག དེ་མིན་ན་ཁྱེད་ཚོའི་འགྲིག་མིན་ཡང་བརྡར་ཤ་གཅད་ཀྱི་རེད། 2 མི་གཞན་གྱི་འགྲིག་མིན་བརྡར་ཤ་གཅད་པའི་ཁྱེད་ཚོའི་བྱེད་སྟངས་ལྟར་ཁྱེད་ཚོའི་འགྲིག་མིན་ཡང་བརྡར་ཤ་གཅད་ཀྱི་རེད། ཁྱེད་ཚོས་མི་ལ་འཇལ་བའི་འཇལ་ཆས་ཀྱིས་མི་གཞན་ཡང་ཁྱེད་ཚོར་འཇལ་གྱི་རེད། 3 རང་གི་སྤུན་ཟླའི་མིག་ལ་སོག་མ་ཡོད་པ་བལྟས་ཀྱང་རང་ཉིད་ཀྱི་མིག་ལ་ཡོད་པའི་གདུང་མ་ལ་དོ་སྣང་མི་བྱེད་པ་གང་ཡིན་ནམ། 4 ཁྱེད་ཀྱིས་སྤུན་ཟླར་'ང་ལ་ཁྱེད་ཀྱི་མིག་ནས་སོག་མ་དེ་འདོན་དུ་བཅུག་དང་།'ཞེས་ག་པར་བཤད་ཐུབ་བམ། ལྟོས་དང་། ཁྱེད་གྱི་མིག་ནང་ལ་གདུང་མ་འདུག 5 ཟོལ་སྦྱོར་བྱེད་མཁན་ཁྱོད། སྔོན་ལ་རང་གི་མིག་ནས་གདོང་མ་དེ་ཐོན་དང་། དེ་ནས་ཁྱེད་ཀྱི་སྤུན་ཟླའི་མིག་ནས་གང་འདྲ་བྱས་ནས་སོག་མ་འདོན་ཐུབ་པ་གསལ་པོར་མཐོང་ཐུབ།

6 “དཀོན་མཆོག་དང་འབྲེལ་བ་ཡོད་པའི་དངོས་པོ་ཁྱི་ལ་སྟེར་མི་ཆོག ཡང་ན་ཁྱེད་ཀྱི་མུ་ཏིག་ཕག་པའི་མདུན་དུ་གཡུག་མི་ཆོག དེ་ཚོས་རྐང་པས་རྫི་བ་མ་ཟད་ཁ་འཁོར་ནས་ཁྱེད་ལ་རྨུག་སྲིད།

7 “རྒྱུན་ཆད་མེད་པར་ཞུ་བ་འཐེན་དང་། དེ་ལྟར་བྱས་ན་ཁྱེད་ཚོར་གནང་གི་རེད། རྒྱུན་ཆད་མེད་པར་ཚོལ་དང་།   དེ་ལྟར་བྱས་ན་ཁྱེད་ཚོར་རྙེད། རྒྱུན་ཆད་མེད་པར་སྒོ་རྡུངས་དང་།  དེ་ལྟར་བྱས་ན་ཁྱེད་ཚོར་སྒོ་ཕྱེ། 8  ཞུ་བ་འཐེན་མཁན་ཚང་མར་འཐོབ། འཚོལ་མཁན་ཚང་མར་རྙེད། སྒོ་རྡུངས་མཁན་ཚང་མར་སྒོ་ཕྱེ། 9 ཁྱེད་ཚོའི་ནང་ནས་སུ་ཞིག་གིས་རང་གི་བུ་ཡིས་བག་ལེབ་དགོས་བཤད་དུས་ཁོ་ལ་རྡོ་སྟེར་རམ། 10 ཡང་ན་ཉ་དགོས་བཤད་དུས་སྦྲུལ་སྟེར་རམ། 11  ཁྱེད་ཚོ་སྡིག་ཅན་ཡིན་ནའང་རང་གི་བུ་ཕྲུག་ལ་ལག་རྟགས་ཡག་པོ་སྤྲོད་ཤེས་ཀྱི་ཡོད་ན། ནམ་མཁར་བཞུགས་པའི་ཁྱེད་ཚོའི་ཡབ་ཀྱིས་དེ་བས་ཀྱང་ཁོང་ལ་ཞུ་བ་འཐེན་མཁན་ལ་དངོས་པོ་ཡག་པོ་གནང་ངེས་ཡིན།

12 “ཁྱེད་ཚོའི་རེ་བར་མི་གཞན་གྱིས་རང་ལ་གང་བྱས་ན་བསམ་པ་དེ་བཞིན་དུ་ཁྱེད་ཚོས་ཀྱང་མི་གཞན་ལ་བྱེད་དང་། དོན་དངོས་ཐོག་འདི་ནི་བཀའ་ཁྲིམས་དང་སྔོན་ཤེས་པ་རྣམས་ཀྱི་དེབ་ཀྱི་བསླབ་བྱ་ཡིན།

13 “ཁྱེད་ཚོ་སྒོ་དོག་པོ་བརྒྱུད་ནས་འཛུལ་དགོས། གང་ཡིན་ཟེར་ན། རྩ་གཏོར་དུ་འཁེལ་བའི་སྒོ་ནི་ཞེང་ག་ཆེ་བ་དང་། དེའི་ལམ་ཀ་ཡངས་པོ་ཡིན། དེ་བརྒྱུད་ནས་འགྲོ་མཁན་མང་པོ་ཡོད། 14 དེ་ལས་ལྡོག་སྟེ་ཚེ་སྲོག་ཏུ་འཁེལ་བའི་སྒོ་ནི་དོག་པོ་རེད་ལ། དེའི་ལམ་ཀ་གུ་དོག་ཏུ་གཏོང་ཡོད་པས། དེ་རྙེད་མཁན་ཡང་ཉུང་ཉུང་རེད།

15 “སྔོན་ཤེས་པ་རྫུན་མར་དོགས་ཟོན་བྱེད་དགོས། ཁོ་ཚོ་ལུག་གི་པགས་པ་གྱོན་ནས་ཁྱེད་ཚོའི་རྩར་ཡོང་། འོན་ཀྱང་ནང་ལོགས་ནི་འདོད་རྔམ་ཆེ་བའི་སྤྱང་ཀི་ཡིན། 16 ཁྱེད་ཚོས་ཁོ་ཚོའི་འབྲས་བུ་ལ་བལྟས་ནས་ཁོ་ཚོ་ངོས་འཛིན་བྱེད་ཐུབ། ཚེར་ཤིང་ནས་རྒུན་འབྲུམ་འཐོག་ཐུབ་བམ། ཡང་ན་གཟེ་མ་ནས་མེ་ཏོག་གསང་ཤིང་གི་འབྲས་བུ་འཐོག་ཐུབ་བམ། 17 དེ་བཞིན་དུ་ཤིང་སྡོང་བཟང་པོ་ཚང་མ་ལས་འབྲས་བུ་བཟང་པོ་སྐྱེ། རུལ་སྐྱོན་བྱུང་བའི་ཤིང་སྡོང་ཚང་མ་ལས་འབྲས་བུ་ངན་པ་སྐྱེ། 18 ཤིང་སྡོང་བཟང་པོ་ལས་འབྲས་བུ་ངན་པ་སྐྱེ་མི་སྲིད། རུལ་སྐྱོན་བྱུང་བའི་ཤིང་སྡོང་ལས་འབྲས་བུ་བཟང་པོ་སྐྱེ་མི་སྲིད། 19 འབྲས་བུ་བཟང་པོ་སྐྱེས་མེད་པའི་ཤིང་སྡོང་ཚང་མ་བཅད་ནས་མེ་ལ་གཡུག་རྒྱུ་རེད། 20 ཁྱེད་ཚོས་དངོས་གནས་ཁོ་ཚོའི་འབྲས་བུ་ལ་བལྟས་ནས་མི་དེ་ཚོ་ངོས་འཛིན་བྱེད།

21 ང་ལ་'གཙོ་བོ་ལགས། གཙོ་བོ་ལགས'བཤད་མཁན་ཚང་མ་ནམ་མཁའི་རྒྱལ་སྲིད་ལ་འཛུལ་ཐུབ་པ་མ་ཡིན་པར། ནམ་མཁར་བཞུགས་པའི་ངའི་ཡབ་ཀྱི་དགོངས་པ་སྒྲུབ་མཁན་ཁོ་ན་འཛུལ་ཐུབ། 22 སྐབས་དེར་མི་མང་པ་ཞིག་གིས་ང་ལ་'གཙོ་བོ་ལགས། གཙོ་བོ་ལགས། ངས་ཁྱེད་ཀྱི་མིང་ཐོག་ནས་སྔོན་བཤད་མ་བཤད་དམ།   ཁྱེད་ཀྱི་མིང་ཐོག་ནས་ལྷའི་ཕོ་ཉ་ངན་པ་རྣམས་མ་བསྐྲད་དམ།   ཁྱེད་ཀྱི་མིང་ཐོག་ནས་ངོ་མཚར་ཆེ་བའི་བྱ་བ་མང་པོ་མ་བྱས་སམ'ཞེས་ཟེར། 23 འོན་ཀྱང་ངས་ཁོ་ཚོར་གསལ་པོར་ཟེར། 'ངས་ཁྱོད་ཚོ་གཏན་ནས་ངོ་མི་ཤེས་། དཀོན་མཆོག་གི་ཁྲིམས་མ་སྲུང་མཁན་ཁྱོད་ཚོ་ཕར་རྒྱུགས་ཤིག'

24 “ངས་བཤད་པའི་སྐད་ཆ་འདི་ཚོ་ཐོས་ནས་ལག་ལེན་བྱེད་མཁན་ཚང་མ་ནི་རང་གི་ཁང་པ་བྲག་གི་སྟེང་དུ་བརྩིགས་པའི་ཤེས་རབ་ཅན་དང་འདྲ་པོ་ཡིན། 25 དྲག་ཆར་བབ་ནས་ཆུ་ལོག་རྒྱུགས་པ་དང་། རླུང་འཚུབ་དྲག་པོ་བརྒྱབ་ཀྱང་། དེའི་རྨང་གཞི་བྲག་གི་སྟེང་དུ་བཙུགས་པས་ཁང་པ་དེ་ལོག་མེད། 26 ངས་བཤད་པའི་སྐད་ཆ་འདི་ཚོ་ཐོས་ཀྱང་ལག་ལེན་མ་བྱས་ན། མི་དེ་ཚོ་རང་གི་ཁང་པ་བྱེ་མའི་སྟེང་དུ་བརྩིགས་པའི་གླེན་པ་དང་འདྲ་པོ་ཡིན། 27 དྲག་ཆར་བབ་ནས་ཆུ་ལོག་རྒྱུགས་པ་དང་། རླུང་འཚུབ་དྲག་པོ་བརྒྱབ་སྐབས། ཁང་པ་དེ་ལོག་ནས་ཚང་མ་ཞིག་པ་རེད།”

28 ཡེ་ཤུས་སྐད་ཆ་དེ་ཚོ་ཚང་མ་བཤད་ཚར་དུས། མི་ཚོགས་རྣམས་ཁོང་གི་སློབ་སྟོན་བྱེད་སྟངས་ལ་ཡ་མཚན་ཆེན་པོ་སྐྱེས། 29 གང་ཡིན་ཟེར་ན་ཁོང་བཀའ་ཁྲིམས་མཁས་པ་རྣམས་དང་མི་འདྲ་བར་དབང་ཆ་ཡོད་པའི་མི་ལྟར་ཁོ་ཚོར་སློབ་སྟོན་བྱས།