མད་ཐཱ་ལེའུ་བརྒྱད་པ།
Matthew 8
1 ཡེ་ཤུ་རི་ནས་མར་བབ་པའི་རྗེས་སུ་མི་ཚོགས་ཆེན་པོ་ཞིག་ཁོང་གི་རྗེས་སུ་འབྲངས། 2 སྐབས་དེར་མཛེ་ནད་ཅན་ཞིག་ཡོང་ནས་ཁོང་ལ་གུས་འདུད་ཞུས་ཏེ། “གཙོ་བོ་ལགས། གལ་སྲིད་ཁྱེད་རང་ལ་འདོད་པ་ཡོད་ན་ཁྱེད་ཀྱིས་ངའི་ན་ཚ་སེལ་ཐུབ”ཅེས་བཤད། 3 ཡེ་ཤུས་ལག་པ་བརྐྱངས་ནས་ཁོ་ལ་རེག་པ་དང་། “ང་དེ་བཞིན་དུ་བྱེད་འདོད་ཡོད། ན་ཚ་སངས་པར་ཤོག” ཅེས་བཤད་མ་ཐག་ཁོའི་མཛེ་ནད་མེད་པར་གྱུར། 4 དེ་ནས་ཡེ་ཤུས་ཁོ་ལ། “མི་སུ་ཞིག་ལའང་བཤད་མི་ཆོག རང་ཉིད་མཆོད་དཔོན་ལ་བསྟན་ནས་ཁོང་ཚོར་དཔང་པོ་བྱེད་པའི་ཆེད་དུ་མོ་ཤེ་ཡིས་གཏན་འཁེལ་བའི་འབུལ་བ་ཕུལ་དང”
5 ཡེ་ཤུ་ཀཱ་པེར་ན་ཧུམ་དུ་འཛུལ་རྗེས། དམག་དཔོན་ཞིག་ཁོང་གི་མདུན་དུ་ཡོང་ནས་སྐྱབས་འཇུག་ཞུ་བར། 6 “སྐུ་ཞབས། ངའི་གཡོག་པོ་ཞིག་གྲིབ་སྐྱོན་ཕོག་ནས་ཁང་པའི་ནང་དུ་སྡུག་པོ་ཞེ་སྐྲག་མྱོང་གྱི་འདུག” 7 ཡེ་ཤུས་ཁོ་ལ། “ང་ཕ་གིར་སླེབས་དུས་ངས་ཁོའི་ན་ཚ་སེལ་ཆོག” ཅེས་བཤད། 8 དམག་དཔོན་གྱིས་ལན་དུ། “སྐུ་ཞབས། ང་ལ་ཁྱེད་རང་ངའི་ཁང་པའི་ནང་དུ་བསུ་བའི་ཐོབ་ཐང་ཡང་མེད། ཁྱེད་རང་གི་ཚིག་གཅིག་ཙམ་གནང་ན་ངའི་གཡོག་པོའི་ན་ཚ་སངས་ཀྱི་རེད། 9 གང་ཡིན་ཟེར་ན་ང་ཡང་མི་གཞན་གྱི་བཀོད་འདོམས་ལ་ཉན་དགོས་པའི་མི་ཡིན། ཡང་ངའི་ལག་འོག་ལ་ཡང་དམག་མི་རྣམས་ཡོད། ངས་མི་འདི་ལ་རྒྱུགས་ཟེར་ན་ཁོ་འགྲོ་གི་རེད། གཞན་ཞིག་ལ་ཤོག་ཟེར་ན་ཁོ་ཡོང་གི་རེད། ངའི་གཡོག་པོ་ལ་དོན་དག་འདི་སྒྲུབས་ཤིག་ཟེར་ན་ཁོས་དེ་བཞིན་དུ་སྒྲུབ་ཀྱི་རེད”ཅེས་བཤད། 10 སྐད་ཆ་འདི་ཐོས་ནས་ཡེ་ཤུ་ཧང་སང་ནས་དགེ་ཕྲུག་རྣམས་ལ། “ངས་ཁྱེད་ཚོར་བདེན་པ་ཟེར། ངས་ཨི་སི་རེལ་ནང་ལ་ཡང་དད་སེམས་ཆེན་པོ་འདི་འདྲ་ཡོད་པའི་མི་མཐོང་མྱོང་མེད། 11 འོན་ཀྱང་ངས་ཁྱེད་ཚོར་ཟེར། ཤར་ཕྱོགས་དང་ནུབ་ཕྱོགས་ནས་མི་མང་པོ་ཞིག་ཡོང་ནས་ནམ་མཁའི་རྒྱལ་སྲིད་ནང་དུ་ཨབ་ལ་ཧམ། ཡི་སཱག ཡ་ཀོབ་དང་མཉམ་དུ་གསོལ་སྟོན་ལ་ཞུགས་ཀྱི་རེད། 12 དེ་ལས་ལྡོག་སྟེ། རྒྱལ་སྲིད་ཀྱི་བུ་རྣམས་ཕྱི་ལོགས་ཀྱི་མུན་ནག་ནང་དུ་དབྱུགས་རྒྱུ་རེད། དེར་ཁོ་ཚོ་ངུ་ཞིང་སོ་གྲ་སྒྲིག་བྱེད་ཀྱི་རེད”ཞེས་བཤད། 13 དེ་ནས་ཡེ་ཤུས་དམག་དཔོན་དེར། “འགྲོ་དང་། ཁྱེད་རང་གིས་ཡིས་ཆེས་བྱེད་པ་ལྟར་དངོས་སུ་འགྲུབ་པར་ཤོག” ཅེས་བཤད། སྐབས་དེ་རང་ལ་གཡོག་པོ་དེའི་ན་ཚ་དྲག་པ་རེད།
14 ཡེ་ཤུ་པེ་ཏྲོའི་ཁང་པའི་ནང་དུ་འཛུལ་ནས་པེ་ཏྲོའི་རྒྱང་མོ་ཚ་ནད་ཕོག་ནས་ཉལ་ཡོད་པ་མཐོང་། 15 ཁོང་གིས་ཁོ་མོའི་ལག་པར་རེག་མ་ཐག་ཁོ་མོའི་ཚ་བ་ཞི་བས། ཁོ་མོ་ཡར་ལངས་ནས་ཡེ་ཤུ་ལ་ཞབས་ཕྱི་ཞུས། 16 དགོང་མོ་སླེབས་དུས་མི་རྣམས་ཀྱིས་ལྷའི་ཕོ་ཉ་ངན་པས་ཁ་ལོ་བསྒྱུར་བའི་མི་མང་པོ་ཁྲིད་ནས་ཡོང་། ཡེ་ཤུས་ཚིག་གཅིག་གིས་ལྷའི་ཕོ་ཉ་ངན་པ་དེ་ཚོ་ཕྱིར་བསྐྲོད་པ་དང་། ན་ཚའི་སྡུག་པོ་མྱངས་པའི་མི་ཚང་མའི་ནད་བསལ། 17 དེ་ནི་སྔོན་ཤེས་པ་ཡེ་ཤ་ཡཱ་བརྒྱུད་ནས། “ཁོང་རང་གིས་ང་ཚོའི་ན་ཚ་ལེན་ནས་ང་ཚོའི་ནད་འཁྱེར” ཞེས་གསུངས་པ་དངོས་སུ་གྲུབ་པའི་ཆེད་དུ་ཡིན།
18 ཡེ་ཤུས་མཐའ་སྐོར་ལ་མི་ཚོགས་ཡོད་པ་མཐོང་ནས་དགེ་ཕྲུག་རྣམས་ལ་མཚོའི་ཕར་འགྲམ་དུ་རྒལ་བའི་བཀའ་བཏང་། 19 སྐབས་དེར་བཀའ་ཁྲིམས་མཁས་པ་ཞིག་ཡོང་ནས་ཡེ་ཤུ་ལ། “རྒན་ལགས། ཁྱེད་རང་ས་ཆ་གང་དུ་ཕེབས་ཀྱང་ང་ཁྱེད་རང་གི་རྗེས་སུ་འབྲང་གི་ཡིན” ཞེས་བཤད། 20 འོན་ཀྱང་ཡེ་ཤུས་ཁོ་ལ། “ཝ་མོར་ཚང་ཁུང་དང་། གནམ་གྱི་བྱ་བྱིའུ་ལ་ཚང་ཡོད་ཀྱང་མིའི་བུ་ལ་མགོ་བཞག་ས་མེད”ཅེས་བཤད། 21 དགེ་ཕྲུག་གཞན་ཞིག་གིས་ཁོང་ལ། “གཙོ་བོ་ལགས། སྔོན་ལ་ངའི་ཕ་དུར་སྦེས་བྱེད་པར་འགྲོ་བའི་དགོངས་པ་གནང་དང” 22 ཡེ་ཤུས་ཁོ་ལ། “ཁྱེད་རང་མུ་མཐུད་ངའི་རྗེས་སུ་འབྲངས་ནས་གཤིན་པོར་གཤིན་པོ་དུར་སྦས་བྱེད་དུ་བཅུག་དང” ཅེས་བཤད།
23 དེ་ནས་ཡེ་ཤུ་གྲུ་ལ་བསྡད་པ་དང་། དགེ་ཕྲུག་རྣམས་ཀྱང་ཁོང་གི་རྗེས་སུ་འབྲངས། 24 འོན་ཀྱང་མཚོ་ལ་རླུང་འཚུབ་ཆེན་པོ་ལངས་ནས་རྦ་རླབས་གྲུའི་ནང་དུ་བར་མ་ཆད་པར་འཛུལ། འོན་ཀྱང་ཡེ་ཤུ་གཉིད་ཉལ་ཡོད། 25 དགེ་ཕྲུག་རྣམས་ཡོང་ནས་ཁོང་གཉིད་བསད་ནས། “གཙོ་བོ་ལགས། སྲོག་སྐྱབས་དང་། ང་ཚོ་ཤི་གྲབས་འདུག” ཅེས་བཤད། 26 འོན་ཀྱང་ཡེ་ཤུས་ཁོ་ཚོར། “ཁྱེད་ཚོ་འདི་ལྟར་ཞེད་པ་གང་ཡིན། དད་སེམས་ཆུང་བའི་མི་རྣམས” ཞེས་བཤད། ཁོང་ཡར་ལངས་ནས་ལྷགས་པ་དང་མཚོ་ལ་ཁ་རྡུང་བཏང་མ་ཐག མཚོ་ཧྲིལ་པོའི་རྦ་རླབས་རྦད་དེ་འཇགས། 27 དགེ་ཕྲུག་རྣམས་ཧ་ལས་ནས། “ཁོང་མི་གང་འདྲ་ཞིག་ཡིན། ལྷགས་པ་དང་མཚོ་ཡང་ཁོང་གི་བཀའ་ལ་ཉན་གྱི་འདུག”
28 ཡེ་ཤུ་མཚོའི་ཕར་འགྲམ་དུ་སླེབས་ནས་ཀཱ་དཱ་ལའི་མིའི་ས་ཁུལ་དུ་འཛུལ་སྐབས། ལྷའི་ཕོ་ཉ་ངན་པས་ཁ་ལོ་བསྒྱུར་བའི་སྐྱེས་པ་གཉིས་དྲེན་གསོའི་དུར་སའི་ཁྲོད་ནས་ཐོན་ནས་ཁོང་དང་ཐུག མི་དེ་གཉིས་ཤིན་དུ་གདུག་རྩུབ་ཡིན་པས་མི་སུ་ཡང་ལམ་དེ་བརྒྱུད་ནས་འགྲོ་ནུས་མེད། 29 ཁོ་གཉིས་སྐད་ཆེན་པོ་བརྒྱབ་ནས། “དཀོན་མཆོག་གི་སྲས། ཁྱེད་རང་ང་དང་འབྲེལ་བ་གང་ཡོད། དུས་ལ་མ་བབ་གོང་ལ་ང་ཚོར་སྡུག་བསྔལ་གཏོང་བའི་ཆེད་དུ་ཕེབས་སམ” ཞེས་བཤད། 30 སྐབས་དེ་དུས་ཐག་རིང་སར་ཕག་ཁྱུ་ཆེན་པོ་ཞིག་གིས་གཟན་ཆས་ཟ་བཞིན་ཡོད་པས། 31 ལྷའི་ཕོ་ཉ་ངན་པ་རྣམས་ཡེ་ཤུ་ལ་སྐྱབས་འཇུག་ཞུས་ནས། “ཁྱེད་རང་གིས་ང་ཚོ་ཕྱིར་སྐྲོད་གཏང་རྩིས་ཡོད་ན་ང་ཚོ་ཕག་ཁྱུ་ཕ་གིའི་ཁྲོད་དུ་གཏོང་དང” ཞེས་བཤད། 32 ཡེ་ཤུས། “རྒྱུགས་ཤིག” ཅེས་བཤད་པས། ཁོ་ཚོ་ཕྱིར་ཐོན་ནས་ཕག་པའི་ནང་དུ་འཛུལ་མ་ཐག ཕག་ཁྱུ་ཧྲིལ་པོ་གཡང་གཟར་དུ་རྒྱུགས་ནས་མཚོ་ལ་མར་མཆོངས་ཏེ་ཆུ་ནང་དུ་ཤི། 33 ཕག་རྫི་རྣམས་བྲོས་ནས་གྲོང་ཁྱེར་ལ་འཛུལ་བ་དང་། མི་རྣམས་ལ་ལྷའི་ཕོ་ཉ་ངན་པས་ཁ་ལོ་བསྒྱུར་བའི་མི་གཉིས་ཀྱི་སྐོར་དང་གནས་ཚུལ་ཚང་མ་བཤད་པས། 34 གྲོང་ཁྱེར་ཡོངས་ཀྱི་མི་ཚང་མ་ཡེ་ཤུ་དང་ཐུག་པའི་ཆེད་དུ་ཡོང་། ཁོ་ཚོས་ཡེ་ཤུ་ཐུག་པའི་རྗེས་སུ་ཁོང་ལ་ཁོ་ཚོའི་ས་ཁུལ་ནས་ཁ་བྲལ་རོགས་ཞེས་སྐྱབས་འཇུག་ཞུས།



