མད་ཐཱ་ལེའུ་དགུ་པ།
Matthew 9
1 ཡེ་ཤུ་གྲུ་ལ་བསྡད་ནས་ཕ་རོལ་དུ་རྒོལ་ཏེ་རང་ཉིད་ཀྱི་གྲོང་ཁྱེར་དུ་འཛུལ། 2 སྐབས་དེར་མི་རྣམས་ཀྱིས་གྲིབ་སྐྱོན་ཕོག་པའི་མི་ཞིག་ཁྱོགས་ཤིང་སྟེང་དུ་བཞག་ནས་ཡེ་ཤུའི་རྩར་ཁྲིད། ཁོང་གིས་ཁོ་ཚོའི་དད་སེམས་མཐོང་ནས། “བུ། བློ་བདེ་པོ་བྱེད་དང་། ཁྱེད་ཀྱི་སྡིག་པར་གུ་ཡངས་བཏང་སོང” ཞེས་བཤད། 3 འོན་ཀྱང་བཀའ་ཁྲིམས་མཁས་པ་རྣམས་འགའ་ཞིག་གིས་སེམས་ནང་དུ། “མི་འདིས་དཀོན་མཆོག་ལ་དམའ་འབེབས་གཏོང་གི་འདུག” ཅེས་བཤད། 4 འོན་ཀྱང་ཡེ་ཤུས་ཁོ་ཚོའི་བསམ་ཚུལ་ཤེས་པས། “ཁྱེད་ཚོས་སེམས་ནང་དུ་བསམ་བློ་ངན་པ་འཁོར་བ་གང་ཡིན། 5 ཁྱེད་ཀྱི་སྡིག་པར་གུ་ཡང་བཏང་སོང་ཞེས་བཤད་པ་དང་ཡར་ལངས་ནས་གོམ་པ་རྒྱག་དང་ཞེས་བཤད་པ་བསྡུར་ན་གང་ཞིག་ལས་སླ་བ་འདུག 6 ཡིན་ན་ཡང་མིའི་བུ་ལ་ས་སྟེང་དུ་མིའི་སྡིག་པར་གུ་ཡངས་གཏོང་བའི་དབང་ཆ་ཡོད་པ་ཁྱེད་ཚོས་ཤེས་པའི་ཆེད་དུ།” དེ་ནས་ཁོང་གིས་གྲིབ་སྐྱོན་ཕོག་པའི་མི་དེར། “ཡར་ལོངས་དང་། ཁྱེད་ཀྱི་ཁྱོགས་ཤིང་ལེན་ནས་སོ་སོའི་ནང་ལ་ལོག་དང་།” ཞེས་བཤད། 7 ཁོ་ཡར་ལངས་ནས་རང་གི་ནང་ལ་ལོག 8 མང་ཚོགས་ཀྱིས་འདི་མཐོང་ནས་ཞེད་སྣང་སྐྱེས་ཏེ། མི་ལ་འདི་ལྟར་གྱི་དབང་ཆ་གནང་བའི་དཀོན་མཆོག་ལ་བསྟོད་པ་ཕུལ།
9 ས་ཆ་དེ་ནས་འགྲོ་བའི་ལམ་བར་དུ་ཡེ་ཤུས་ཁྲལ་བསྡུ་སར་མིང་ལ་མེད་ཐཱ་ཟེར་བའི་སྐྱེས་པ་ཞིག་བསྡད་པ་མཐོང་ནས་ཁོ་ལ། “ངའི་རྗེས་སུ་འབྲངས་ཤོག” ཅེས་བཤད། ཁོ་འཕྲལ་དུ་ཡར་ལངས་ནས་ཁོང་གི་རྗེས་སུ་འབྲངས། 10 རྗེས་སུ་ཡེ་ཤུ་ཁོའི་ཁང་པའི་ནང་དུ་ཁ་ལག་བཟས་སྐབས། ཁྲལ་བསྡུ་མཁན་དང་སྡིག་ཉེས་ཅན་མང་པོ་ཡོང་ནས་ཡེ་ཤུ་དང་ཁོང་གི་དགེ་ཕྲུག་རྣམས་དང་མཉམ་དུ་བཟས། 11 འོན་ཀྱང་ཕཱ་རི་སི་ཤོག་ཁག་གི་མི་རྣམས་ཀྱིས་དེ་མཐོང་ནས་ཡེ་ཤུའི་དགེ་ཕྲུག་རྣམས་ལ། “ཁྱེད་ཚོའི་དགེ་རྒན་གྱིས་ཁྲལ་བསྡུ་མཁན་དང་སྡིག་ཉེས་ཅན་རྣམས་དང་མཉམ་དུ་ཁ་ལག་ཟ་བ་གང་ཡིན” ཞེས་དྲིས། 12 ཁོང་གིས་འདི་ཐོས་ནས་ “བདེ་ཐང་ལྡན་པའི་མི་ལ་ཨེམ་ཆི་མི་དགོས། ཡིན་ན་ཡང་ནད་པ་ལ་དགོས” 13 “ཁྱེད་ཚོས་'ང་ལ་དགོས་པ་ནི་བྱམས་སྙིང་རྗེ་ཡིན་པ་ལས་དམར་མཆོད་མིན' ཞེས་གསུངས་པའི་ཚིག་གི་གོ་དོན་སྦྱང་བའི་ཆེད་དུ་འགྲོ་དང་། ངས་སྡིག་ཉེས་ཅན་རྣམས་སྐོང་བའི་ཆེད་དུ་ཡོང་བ་ལས་དྲང་བདེན་གྱི་མི་སྐོང་བའི་ཆེད་དུ་ཡོང་མེད” ཅེས་བཤད།
14 སྐབས་དེར་ཡོ་ཧ་ནན་གྱི་དགེ་ཕྲུག་རྣམས་ཡོང་ནས་ཡེ་ཤུ་ལ། “ང་ཚོ་དང་ཕཱ་རི་སི་ཤོག་ཁག་གི་མིས་སྨྱུང་གནས་སྲུང་ཡང་ཁྱེད་རང་གི་དགེ་ཕྲུག་རྣམས་ཀྱིས་སྨྱུང་གནས་མི་སྲུང་བ་གང་ཡིན”ཞེས་དྲིས། 15 ཡེ་ཤུས་ཁོ་ཚོར་ལན་དུ།“མག་པའི་རོགས་པ་རྣམས་ནི་ད་དུང་མག་པ་དང་མཉམ་དུ་ཡོད་དུས་མྱ་ངན་བྱེད་པའི་རྒྱུ་རྐྱེན་མེད། ཡིན་ན་ཡང་མི་རྣམས་ཀྱིས་མག་པ་དེ་ཁོ་ཚོའི་ཁྲོད་ནས་ཁྲིད་འགྲོ་བའི་དུས་སྐབས་སླེབ་གི་རེད། སྐབས་དེར་ཁོ་ཚོས་སྨྱུང་གནས་སྲུང་ཡོང་། 16 རས་གསར་པ་བེད་སྤྱད་ནས་གྱོན་ཆས་རྙིང་པར་ལྷན་པ་རྒྱག་མཁན་སུ་ཡང་མེད། རས་གསར་པ་དེ་བཞའ་འཁུམས་ན་གྱོན་ཆས་དེ་འཐེན་ནས་དེ་བས་དབྲལ་གི་རེད། 17 རྒུན་འབྲུམ་ཨ་རག་གསར་པ་རྐྱལ་པ་རྙིང་པའི་ནང་དུ་བླུག་མཁན་ཡང་མེད། དེ་ལྟར་བྱས་ན་རྐྱལ་པ་སྦོས་ནས་དབྲལ་ལ། རྒུན་འབྲུམ་ཨ་རག་འཛག་པ་མ་ཟད་རྐྱལ་པ་ཡང་འཕྲོ་བརླག་འགྲོ་གི་རེད། མི་ཚང་མས་རྒུན་འབྲུམ་ཨ་རག་གསར་པ་རྐྱལ་པ་གསར་པའི་ནང་དུ་བླུག དེ་ལྟར་བྱས་ན་གཉིས་ཀ་འཕྲོ་བརླག་འགྲོ་གི་མ་རེད” ཅེས་བཤད།
18 ཡེ་ཤུས་སྐད་ཆ་འདི་ཚོ་བཤད་སྐབས། ཚོགས་ཁང་གི་གཙོ་གཉེར་བ་ཞིག་ཁོང་གི་རྩར་ཡོང་ནས་གུས་འདུད་ཞུས་ཏེ། “ད་ལྟ་ངའི་བུ་མོ་གྲོངས་ཚར་མདོག་ཁག་པོ་རེད། ཡིན་ན་ཡང་ཁྱེད་རང་གིས་ཕེབས་ནས་མོའི་ལུས་ཐོག་ཏུ་ཕྱག་གཞག་ཙམ་གནང་དང་། དེ་ལྟར་བྱས་ན་ཁོ་མོ་གསོན་གྱི་རེད”
19 ཡེ་ཤུ་ཡར་ལངས་ནས་ཁོང་གི་དགེ་ཕྲུག་རྣམས་དང་མཉམ་དུ་ཁོའི་རྗེས་སུ་ཕྱིན། 20 སྐབས་དེར། ལོ་བཅུ་གཉིས་ཀྱི་རིང་མངལ་ཁྲག་ཤོར་བའི་ནད་ཕོག་པའི་བུད་མེད་ཅིག་གིས་ཁོང་གི་རྒྱབ་ཏུ་ཡོང་ནས་ཁོང་གི་ཕྱི་གོས་ཀྱི་མཐའ་འཛར་ལ་རེག 21 ཁོ་མོས་སེམས་ནང་དུ་“གལ་སྲིད་ངས་ཁོང་གི་ཕྱི་གོས་ལ་རེག་ཙམ་བྱས་པ་ཡིན་ན་ངའི་ན་ཚ་དྲག་གི་རེད”ཅེས་ཡང་ཡང་བཤད། 22 ཡེ་ཤུ་ཕྱི་མིག་བལྟས་ནས་ཁོ་མོ་མཐོང་སྟེ། “བུ་མོ། བློ་བདེ་པོ་བྱེད་དང་། ཁྱེད་རང་གི་དད་སེམས་ཀྱིས་ཁྱེད་རང་གི་ན་ཚ་དྲག་སོང”ཞེས་བཤད། སྐབས་དེར་བུད་མེད་དེའི་ན་ཚ་དྲག་པ་རེད།
23 ཡེ་ཤུ་གཙོ་གཉེར་བ་དེའི་ཁང་པར་འཛུལ་སྐབས། ཁོང་གིས་གླིང་བུ་བུས་མཁན་དང་འུར་ཟིང་བྱེད་པའི་མི་ཚོགས་མཐོང་ནས། 24 “ཁྱེད་ཚོ་མར་ཐོན་ཞིག བུ་མོ་དེ་གྲོངས་མེད། གཉིད་ཁུག་གི་ཡོག་རེད” ཅེས་བཤད་པས། ཁོ་ཚོ་ཡེ་ཤུ་ལ་ཁྲེལ་གད་བྱས། 25 མི་ཚོགས་ཕྱི་ལ་ཐོན་པའི་རྗེས་སུ་ཁོང་འཛུལ་ནས་ཁོ་མོའི་ལག་པ་ནས་འཇུས་པ་དང་། བུ་མོ་ཆུང་ཆུང་དེ་ཡར་ལངས། 26 གནས་ཚུལ་འདི་ས་རྒྱུད་དེའི་ཡོངས་སུ་ཁྱབ།
27 ཡེ་ཤུ་དེ་ནས་ཕྱིན་རྗེས། ལོང་བ་གཉིས་ཁོང་གི་རྗེས་སུ་ཡོང་ནས་སྐད་ཆེན་པོས། “ཀྱེ་དཱ་བིད་ཀྱི་སྲས། ང་ཚོ་ལ་ཐུགས་རྗེས་གཟིགས” ཞེས་འབོད། 28 ཡེ་ཤུ་ཁང་པའི་ནང་དུ་འཛུལ་བའི་རྗེས་སུ་ལོང་བ་དེ་གཉིད་ཁོང་གི་མདུན་དུ་ཡོང་། ཡེ་ཤུས་ཁོ་གཉིས་ལ། “ངས་དོན་འདི་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད་དམ” ཞེས་དྲིས། ཁོ་གཉིས་ཀྱིས་ལན་དུ “ལགས་ཡོད” ཅེས་བཤད། 29 དེ་ནས་ཡེ་ཤུས་ཁོ་གཉིས་ཀྱི་མིག་ལ་རེག་ནས། “ཁྱེད་གཉིས་ཀྱིས་ཡིད་ཆེས་བྱེད་པ་ལྟར་བསྒྲུབས་ཆོག” ཅེས་བཤད། 30 དེ་ནས་ཁོ་གཉིས་ཀྱི་མིག་མཐོང་བར་གྱུར། ཡེ་ཤུས་ཁོ་གཉིས་ལ་ནན་ཏན་གྱིས་“མི་སུ་ཞིག་ལའང་ཤེས་སུ་མ་བཅུག་དང”ཞེས་བཤད། 31 འོན་ཀྱང་ཁོ་གཉིས་ཕྱི་ལ་ཐོན་རྗེས་ས་རྒྱུད་དེའི་གང་སར་ཁོང་གི་སྐོར་ཁྱབ་སྤེལ་བྱས།
32 ཁོ་གཉིས་ཕར་ཕྱིན་སྐབས། མི་རྣམས་ཀྱིས་ལྷའི་ཕོ་ཉ་ངན་པས་ཁ་ལོ་སྒྱུར་བའི་མི་ལྐུགས་པ་ཞིག་ཡེ་ཤུའི་མདུན་དུ་ཁྲིད། 33 ཁོང་གིས་ལྷའི་ཕོ་ཉ་ངན་པ་ཕྱིར་བསྐྲོད་རྗེས་མི་ལྐུགས་པ་དེས་སྐད་ཆ་བཤད། མི་རྣམས་ཡ་མཚན་སྐྱེས་ཏེ། “ཨི་སི་རེལ་ཡུལ་ལ་འདི་ལྟ་བུའི་བྱ་བ་མཐོང་མྱོང་མེད” ཅེས་བཤད། 34 འོན་ཀྱང་ཕཱ་རི་སི་ཤོག་ཁག་གི་མི་རྣམས་ཀྱིས། “ཁོས་ལྷའི་ཕོ་ཉ་ངན་པ་ཕྱིར་བསྐྲོད་པ་ནི་ལྷའི་ཕོ་ཉ་ངན་པ་རྣམས་ཀྱི་དབང་སྒྱུར་པའི་དབང་ལ་བརྟེན་པ་རེད” ཅེས་བཤད།
35 ཡེ་ཤུ་གྲོང་ཁྱེར་དང་གྲོང་སྡེ་རེ་རེར་འགྲུལ་སྐྱོད་ནས་ཚོགས་ཁང་ནང་དུ་སློབ་སྟོན་བྱས་པ་དང་། རྒྱལ་སྲིད་ཀྱི་གཏམ་བཟང་ཁྱབ་སྤེལ་ནས་ནད་གཞི་སྣ་ཚོགས་བཅོས། 36 ཁོང་མི་ཚོགས་མཐོང་སྐབས་སྙིང་རྗེ་སྐྱེས། གང་ཡིན་ཟེར་ན་ཁོ་ཚོ་ལུག་རྫི་མེད་པའི་ལུག་ལྟར་བཤུ་གཞོག་མྱངས་ནས་བརྟེན་ས་མེད། 37 དེའི་རྐྱེན་གྱིས་ཁོང་གིས་དགེ་ཕྲུག་རྣམས་ལ། “ལོ་ཏོག་མང་པོ་ཡོད་ཀྱང་ལས་ཀ་བྱེད་མཁན་ཉུང་དྲགས་འདུག 38 ཁྱེད་ཚོས་ལོ་ཏོག་གི་བདག་པོར་རྔ་བསྡུ་བྱེད་མཁན་གཏོང་བར་ཞུ་བ་འཐེན་དགོས” ཅེས་བཤད།



