མད་ཐཱ་ལེའུ་བཅུ་པ།
Matthew 10
1 དེའི་རྐྱེན་གྱིས་ཁོང་གིས་དགེ་ཕྲུག་བཅུ་གཉིས་པོ་བོས་ནས་ཁོ་ཚོར་ལྷའི་ཕོ་ཉ་ངན་པ་སྐྲོད་ཐུབ་པ་དང་ནད་གཞི་སྣ་ཚོགས་བཅོས་ཐུབ་པའི་དབང་ཆ་སྤྲད།
2 སྐུ་ཚབ་བཅུ་གཉིས་པོའི་མིང་ནི། དང་པོར་མིང་ལ་པེ་ཏྲོ་ཡང་ཟེར་བའི་སི་མོན་དང་ཁོའི་བུ་སྤུན་ཨན་དྲེ་ཡཱ། ཟེ་བེད་ཡཱ་གི་བུ་ཡ་ཀོབ་དང་ཁོའི་བུ་སྤུན་ཡོ་ཧ་ནན། 3 ཕི་ལིབ་དང་པཱར་ཐོལ་མ། ཐོ་མཱ་དང་ཁྲལ་སྡུད་མཁན་མད་ཐཱ། ཨལ་ཕཱ་གི་བུ་ཡ་ཀོབ། ཐད་དཱ། 4 བརྩོན་སེམས་ཅན་སི་མོན། ཀཱེ་རི་འོ་ཐོའི་མི་ཡུ་དཱ། ཁོས་རྗེས་ལ་ཡེ་ཤུ་ལ་རྒྱབ་གཏོད་བྱས།
5 ཡེ་ཤུས་བཅུ་གཉིས་པོ་དེར་འདི་ལྟར་བཀའ་བཀོད་ནས་ཕྱི་ལ་བཏང་། “མི་རིགས་གཞན་གྱི་ས་ཆར་འགྲོ་མི་ཆོག ས་མར་ཡཱའི་མིའི་གྲོང་ཁྱེར་ལའང་འཛུལ་མི་ཆོག 6 ག་དུས་ཀྱང་ཨི་སི་རེལ་མི་རིགས་ཀྱི་ལམ་ཀ་བརླགས་པའི་ལུག་རྣམས་ཀྱི་རྩ་ལ་འགྲོ་དང་། 7 ཁྱེད་ཚོ་འགྲོ་དུས་'ནམ་མཁའི་རྒྱལ་སྲིད་ཐག་ཉེ་རུ་སླེབས་འདུག' ཅེས་ཁྱབ་སྤེལ་བྱེད་དགོས། 8 ནད་པའི་ན་ཚ་སེལ་དགོས། གཤིན་པོ་སླར་གསོན་བྱེད་དགོས། མཛེ་ནད་སེལ་དགོས། ལྷའི་ཕོ་ཉ་ངན་པ་རྣམས་སྐྲོད་དགོས། ཁྱེད་ཚོར་རིན་མེད་སྒོ་ནས་ཐོབ་པས། ཁྱེད་ཚོས་ཀྱང་རིན་མེད་སྒོ་ནས་སྤྲོད་དགོས། 9 ཁྱེད་ཚོའི་སྐེ་རགས་ཀྱི་དངུལ་ཁུག་ལ་གསེར་དངུལ་ཟངས་བཅས་བླུག་མི་ཆོག 10 ལམ་ཆས་ཀྱི་ཟས་ཁུག་དང་གྱོན་ཆ་གཉིས། ཡང་ན་ཧམ་དང་བེར་ཀ་སོགས་ཀྱང་གྲ་སྒྲིག་བྱེད་མི་ཆོག ལས་ཀ་བྱེད་མཁན་ལ་ཟ་ཆས་འཐོབ་འོས་ཡོད།
11 “གྲོང་ཁྱེར་ཡང་ན་གྲོང་སྡེ་གང་ཞིག་ཏུ་འཛུལ་ནའང་མི་འོས་འཚམས་ཅན་ཞིག་བཙལ་ནས་ས་ཆ་དེ་ལས་ཁ་མ་བྲལ་བར་དུ་དེར་སྡོད་དང་། 12 ཁྱེད་ཚོ་ཁང་པ་ཞིག་དུ་འཛུལ་སྐབས་ཁྱིམ་ཚང་དེའི་མི་ལ་འཚམས་འདྲི་ཞུ་དགོས། 13 གལ་སྲིད་ཁྱིམ་དེ་འོས་འཚམས་ཡིན་ན་ཁྱེད་ཚོས་རེ་འདུན་ཞུས་པའི་ཞི་བདེ་དེ་ཁོ་ཚོར་འབབ་པར་ཤོག གལ་སྲིད་འོས་འཚམས་མིན་ན་ཞི་བདེ་དེ་ཁྱེད་ཚོར་ཕྱིར་ལོག་པར་ཤོག 14 ས་ཆ་གང་ཞིག་གི་མི་ཡང་ཁྱེད་ཚོར་སྣེ་ལེན་མ་བྱས་པ་དང་ཁྱེད་ཚོའི་གཏམ་ལ་མ་ཉན་ན། ཁང་པ་ཡང་ན་གྲོང་ཁྱེར་དེ་ལས་འཐོན་སྐབས་རྐང་པའི་ཐལ་བ་བརྡབ་དགོས། 15 ངས་ཁྱེད་ཚོར་བདེན་པ་ཟེར། འདྲི་གཅོད་ཀྱི་ཉིན་མོར་གྲོང་ཁྱེར་དེ་ལ་ཕོག་པའི་ཉེས་ཆད་ལས་སོ་དོམ་དང་གོ་མོ་རཱ་ལ་ཕོག་པའི་ཉེས་ཆད་ཡངས་པ་ཡོད།
16 ལྟོས་དང་། ངས་སྤྱང་ཀིའི་ཁྲོད་དུ་ལུག་གཏོང་བ་ལྟར་ཁྱེད་ཚོ་གཏོང་བས། ཁྱེད་ཚོ་སྦྲུལ་ལྟར་གཟབ་གཟབ་བྱེད་དགོས་ལ། ཕུག་རོན་ལྟར་གཡོ་ལྷད་མེད་པ་མཚོན་དགོས། 17 མི་རྣམས་ལ་དོགས་ཟོན་བྱེད་དང་། ཁོ་ཚོས་ཁྱེད་ཚོ་ས་ཁུལ་ཁྲིམས་སར་འཁྲིད་ལ། ཁོ་ཚོའི་ཚོགས་ཁང་ནང་དུ་ལྕག་ཚན་གཞུ་གི་རེད། 18 ཁྱེད་ཚོ་ངའི་རྐྱེན་གྱིས་ཞིང་ཆེན་གྱི་འགོ་འཛིན་དང་རྒྱལ་པོའི་མདུན་དུ་ཁྲིད་ནས། མི་དེ་ཚོ་དང་རྒྱལ་ཁབ་གཞན་གྱི་མི་རྣམས་ལ་བདེན་དཔང་བྱེད། 19 མི་རྣམས་ཀྱིས་ཁྱེད་ཚོ་འདྲི་གཅོད་དུ་སྐྱེལ་སྐབས་གང་འདྲ་བྱས་ནས་སྐད་ཆ་གང་འདྲ་བཤད་དགོས་ཞེས་སེམས་ཁྲལ་བྱེད་མི་ཆོག ཁྱེད་ཚོས་གང་བཤད་དགོས་པ་དེ་ནི་སྐབས་དེར་ཤེས་ཀྱི་རེད། 20 དོན་དངོས་ཐོག་སྐད་ཆ་བཤད་མཁན་ཁྱེད་ཚོ་ཁོ་ན་མིན། ཁྱེད་ཚོའི་ཡབ་ཀྱི་ལྷད་མེད་ནུས་ཤུགས་ཀྱིས་ཁྱེད་ཚོ་བརྒྱུད་ནས་སྐད་ཆ་བཤད་ཀྱི་རེད། 21 གཅེན་གཅུང་གིས་གཅེན་གཅུང་དང་། ཕ་ཡིས་བུ་ཕྲུག་རྩིས་སྤྲད་ནས་ཤི་རུ་བཅུག་ལ། བུ་ཕྲུག་གིས་ཕ་མ་ལ་ཁ་གཏད་ནས་ཁོ་ཚོ་ཤི་རུ་བཅུག་གི་རེད། 22 ངའི་མིང་གི་རྐྱེན་གྱིས་མི་ཚང་མས་ཁྱེད་ཚོར་སྡང་ཡང་། མཐའ་མ་བར་དུ་བཟོད་བསྲན་རྒྱུན་འཁྱོངས་བྱེད་མཁན་ལ་སྲང་སྐྱོབ་འཐོབ། 23 ཁོ་ཚོས་གྲོང་ཁྱེར་གཅིག་ནང་དུ་ཁྱེད་ཚོར་མནར་གཅོད་བཏང་ན་གྲོང་ཁྱེར་གཞན་ཞིག་ལ་བྲོས་དང་། ངས་ཁྱེད་ཚོར་བདེན་པ་ཟེར། མིའི་བུ་མ་སླེབས་སྔོན་ལ་ཁྱེད་ཚོ་ཨི་སི་རེལ་གྱི་གྲོང་ཁྱེར་ཚང་མར་འགྲོ་ཚར་མི་སྲིད།
24 “སློབ་མ་དགེ་རྒན་ལས་ཐོབ་ཐང་ཆུང་བ་དང་། གཡོག་པོ་ཡང་བདག་པོ་ལས་ཐོབ་ཐང་ཆུང་བ་ཡོད། 25 སློབ་མ་དགེ་རྒན་དང་། གཡོག་པོ་བདག་པོ་དང་འདྲ་པོ་བྱུང་ན་འགྲིག གལ་སྲིད་མི་རྣམས་ཀྱིས་ཁྱིམ་བདག་ལ་པེལ་ཛེ་བུབ་ཅེས་བོས་པ་ཡིན་ན། ཁོ་ཚོས་ཁྱིམ་མི་ལ་དེ་བས་ཀྱང་དེ་ལྟར་མི་འབོད་དམ། 26 ཁོ་ཚོར་ཞེད་མི་ཆོག སྦས་གསང་བྱས་པའི་དོན་དག་ཚང་མ་མངོན་གསལ་དུ་འགྱུར། གསང་བ་ཚང་མ་མིས་ཤེས་པར་འགྱུར། 27 ངས་མུན་ནག་ནང་དུ་བཤད་པ་དེ་ཁྱེད་ཚོས་འོད་ཀྱི་ནང་དུ་ཤོད་དང་། ཁྱེད་ཚོ་ཐོས་པའི་སྐད་ཆ་ཤུབ་ཤུབ་དེ་ཚོ་ཐོག་ཁའི་སྟེང་ནས་ཁྱབ་སྤེལ་བྱེད་དང་། 28 ལུས་པོ་བསད་ཀྱང་ཚེ་སྲོག་གསད་མི་ཐུབ་པའི་མི་ལ་ཞེད་མི་ཆོག དེ་ལས་ལྡོག་སྟེ་ལུས་པོ་དང་ཚེ་སྲོག་གཉིས་ཀ་ཧིན་ནོམ་གྱི་ལུང་གཞོང་ནང་དུ་མེད་པ་བཟོ་ཐུབ་མཁན་ལ་འཇིགས་དགོས། 29 ཁང་བྱིའུ་གཉིས་ལ་རིན་ཐང་ཆུང་བའི་སྒོར་མོ་གཅིག་མིན་ནམ། ཡིན་ན་ཡང་དེ་ཚོ་ནང་ནས་གཅིག་ས་ལ་བབ་ཀྱང་ཁྱེད་ཚོའི་ཡབ་ཀྱིས་མཁྱེན་གྱི་ཡོད། 30 ཁོང་གིས་ཁྱེད་ཚོའི་སྐྲ་ཚང་མའང་གྲངས་ཀ་བརྒྱབ་ཡོད་པས། 31 ཁྱེད་ཚོ་ཞེད་མི་དགོས། ཁྱེད་ཚོ་ཁང་བྱིའུ་མང་པོ་ལས་རིན་ཐང་ཆེ་བ་ཡོད།
32 “མིའི་མདུན་དུ་ང་ཁས་ལེན་མཁན་ཚང་མ་ངས་ཀྱང་ངའི་ཡབ་ཀྱི་མདུན་དུ་ཁས་ལེན་གྱི་ཡིན། 33 འོན་ཀྱང་སུ་ཞིག་གིས་མིའི་མདུན་དུ་ང་ཁས་མི་ལེན་ན། ངས་ཀྱང་ནམ་མཁར་བཞུགས་པའི་ངའི་ཡབ་ཀྱི་མདུན་དུ་མི་དེ་ཁས་མི་ལེན། 34 ངས་ས་གཞི་ལ་ཞི་བདེ་སྐྱེལ་བའི་ཆེད་དུ་ཡོང་བ་རེད་མ་བསམས་ཤིག ཞི་བདེ་མ་ཡིན་པར་རལ་གྲི་སྐྱེལ་བའི་ཆེད་དུ་ཡོང་བ་ཡིན། 35 ངས་མི་ཁ་བྲལ་དུ་གཏོང་བའི་ཆེད་དུ་ཡོང་། བུ་དང་ཕ། བུ་མོ་དང་ཨ་མ། གནའ་མ་དང་སྒྱུག་མོ་བཅས་ཕན་ཚུན་ཁ་གཏད་བྱེད་ཀྱི་རེད། 36 མིའི་དགྲ་བོ་ནི་རང་ཉིད་ཀྱི་ཁྱིམ་མི་ཡིན། 37 ང་ལས་ཕ་མ་ལ་བརྩེ་གདུང་ཆེ་བ་བཅང་མཁན་ནི་ངའི་དགེ་ཕྲུག་བྱེད་འོས་པ་མིན། ང་ལས་བུ་ཕྲུག་ལ་བརྩེ་གདུང་ཆེ་བ་བཅང་མཁན་ནི་ངའི་དགེ་ཕྲུག་བྱེད་འོས་པ་མིན། 38 རང་གི་སྡུག་བསྔལ་གྱི་ཀ་བ་ཁུར་ནས་ངའི་རྗེས་སུ་འབྲངས་འདོད་མེད་ན། མི་དེ་ངའི་དགེ་ཕྲུག་བྱེད་འོས་པ་མིན། 39 སུ་ཞིག་གིས་ཚེ་སྲོག་འཐོབ་འདོད་ན། མི་དེས་ཚེ་སྲོག་ཤོར། སུ་ཞིག་གིས་ངའི་ཆེད་དུ་རང་སྲོག་ཤོར་ན། མི་དེར་ཚེ་སྲོག་འཐོབ།
40 སུ་ཞིག་གིས་ཁྱེད་ཚོར་སྣེ་ལེན་བྱེད་ན། མི་དེས་ང་ལའང་སྣེ་ལེན་བྱེད། སུ་ཞིག་གིས་ང་ལ་སྣེ་ལེན་བྱེད་ན། མི་དེས་ང་བཏང་བའི་དཀོན་མཆོག་ལའང་སྣེ་ལེན་བྱེད། 41 སུ་ཞིག་གིས་སྔོན་ཤེས་པ་ཞིག་ལ་ཁོང་སྔོན་ཤེས་པ་ཡིན་པ་ངོས་འཛིན་བྱས་ནས་སྣེ་ལེན་བྱས་ན། མི་དེར་སྔོན་ཤེས་པའི་བྱ་དགའ་འཐོབ། དྲང་བདེན་གྱི་མི་ཞིག་ལ་ཁོང་དྲང་བདེན་གྱི་མི་ཡིན་པ་ངོས་འཛིན་བྱས་ནས་སྣེ་ལེན་བྱས་ན། མི་དེར་དྲང་བདེན་གྱི་མིའི་བྱ་དགའ་འཐོབ། 42 སུ་ཞིག་གིས་ཉམས་ཆུང་བའི་མི་འདི་ཚོའི་ཁྲོད་ནས་མི་གཅིག་ལ་ཁོང་ངའི་དགེ་ཕྲུག་ཡིན་པའི་རྐྱེན་གྱིས་ཆུ་གྲང་མོ་ཕོར་པ་གང་ཙམ་སྤྲད་ན། ངས་ཁྱེད་ཚོར་བདེན་པ་ཟེར། མི་དེར་ངེས་པར་དུ་བྱ་དགའ་འཐོབ།”



