མད་ཐཱ་ལེའུ་བཅུ་གཅིག་པ།
Matthew 11
1 ཡེ་ཤུས་སྐུ་ཚབ་བཅུ་གཉིས་པོར་བཀའ་བཀོད་པའི་རྗེས་སུ་ས་ཆ་དེ་ནས་ཐོན་ཏེ། ཉེ་འཁོར་གྱི་གྲོང་ཁྱེར་ལ་སློབ་སྟོན་དང་ཆོས་སྤེལ།
2 ཡོ་ཧ་ནན་གྱིས་བཙོན་ཁང་ནང་དུ་ཁི་རི་སི་ཐོ་ཡིས་སྤེལ་བའི་བྱ་བའི་སྐོར་གོ་ཐོས་ནས་རང་གི་དགེ་ཕྲུག་རྣམས་བཏང་བ་དང་། 3 ཡ་ཤུ་ལ། “ང་ཚོས་སྒུག་དགོས་པའི་མི་དེ་ཁྱེད་རང་ཡིན་ནམ། ཡང་ན་ང་ཚོས་མི་གཞན་ཞིག་ལ་རེ་སྒུག་བྱེད་དགོས་སམ” ཞེས་དྲིས། 4 ཡེ་ཤུས་ཁོ་ཚོར་ལན་དུ། “ཕར་ལོག་ནས་ཡོ་ཧ་ནན་ལ་ཁྱེད་ཚོ་གང་ཐོས་པ་དང་མཐོང་བ་ཤོད་དང་། 5 མིག་ལོང་མཁན་ད་ལྟ་མཐོང་གི་འདུག རྐང་པ་ཞ་མཁན་གོམ་པ་རྒྱག་གི་འདུག མཛེ་ནད་ཅན་སངས་དྲག་སོང་། ལྐུགས་པ་རྣམས་གོ་གི་འདུག ཤི་ཚར་བའི་མི་སླར་གསོན་པ་དང་། དབུལ་ཕོངས་ཀྱིས་གཏམ་བཟང་ཐོས་འདུག 6 ང་ལ་ཐེ་ཚོམ་མེད་མཁན་ལ་བདེ་སྐྱིད་ཡོད”ཅེས་བཤད།
7 ཁོ་ཚོ་ཕར་ཕྱིན་པའི་རྗེས་སུ་ཡེ་ཤུས་མི་ཚོགས་ལ་ཡ་ཧ་ནན་གྱི་སྐོར་བཤད། “ཁྱེད་ཚོ་དེ་སྔོན་འབྲོག་སྟོང་དུ་གང་ལྟ་བའི་ཆེད་དུ་ཕྱིན་ནམ། ལྷགས་པས་གཡོ་བའི་འདམ་རྩྭ་ཡིན་ནམ། 8 ཁྱེད་ཚོ་གང་ལྟ་བའི་ཆེད་དུ་ཕར་ཕྱིན་ནམ། གྱོན་ཆས་སྤུས་ལེགས་གྱོན་པའི་མི་ཡིན་ནམ། གྱོན་ཆས་སྤུས་ལེགས་གྱོན་མཁན་རྣམས་ནི་རྒྱལ་པོའི་ཕོ་བྲང་ནང་དུ་ཡོད། 9 འོ་ན་ཁྱེད་ཚོ་ཕར་ཕྱིན་པའི་དམིགས་ཡུལ་གང་ཡིན། སྔོན་ཤེས་པ་ཞིག་ལྟ་བའི་ཆེད་དུ་ཡིན་ནམ། ངས་ཁྱེད་ཚོར་ཟེར། ཡིན། མ་ཟད་སྔོན་ཤེས་པ་ལས་ལྷག་པའི་མི་ཞིག་ཡིན། 10 མི་འདིའི་སྐོར་གསུང་རབ་ལ་བཀོད་པར། 'ལྟོས་ཤིག ངས་ཁྱེད་ཀྱི་སྔོན་དུ་ངའི་བང་ཆེན་ཞིག་གཏང་། མི་དེས་ཁྱེད་ཀྱི་མདུན་དུ་ལམ་ཁ་གྲ་སྒྲིག་བྱེད།' 11 ངས་ཁྱེད་ཚོར་བདེན་པ་ཟེར། འཇིག་རྟེན་གྱི་མི་ནང་ནས་ཆུ་ལ་སྦངས་སྲོལ་བྱེད་མཁན་ཡོ་ཧ་ནན་ལས་རླབས་ཆེ་བ་གཅིག་ཀྱང་མེད། ཡིན་ན་ཡང་ནམ་མཁའི་རྒྱལ་སྲིད་ནང་དུ་ཉམས་ཆུང་ཤོས་ཀྱི་མི་ཡང་ཁོང་ལས་རླབས་ཆེ་བ་ཡོད། 12 ཆུ་ལ་སྦངས་སྲོལ་བྱེད་མཁན་ཡོ་ཧ་ནན་གྱི་དུས་ནས་ད་བར་མི་རྣམས་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་ལ་འབད་བརྩོན་གྱིས་དོན་གཉེར་བྱེད་ཀྱི་ཡོད། འབད་བརྩོན་གྱིས་མདུན་སྐྱོད་བྱེད་མཁན་ལ་དེ་འཐོབ་བཞིན་འདུག 13 སྔོན་ཤེས་པའི་དཔེ་ཆ་དང་ཁྲིམས་གཞུང་ཚང་མས་ཡོ་ཧ་ནན་གྱི་དུས་བར་དུ་སྔོན་བཤད་བྱས་པ་རེད། 14 ཁྱེད་ཚོས་དང་ལེན་བྱེད་འདོད་ནའང་མེད་ནའང་། ཁོང་ནི་སླེབ་ངེས་ཡིན་པའི་ཨེ་རི་ཡཱ་དེ་ཡིན། 15 རྣ་བ་ཡོད་མཁན་རྣམས་ང་ལ་ཉོན་ཞིག
16 ངས་མི་རབས་འདི་སུ་ལ་དཔེ་གཞག་དགོས། ཁྲོམ་རར་བསྡད་ནས་རྩེད་མོ་རྩེ་རོགས་ལ་འབོད་པའི་བྱིས་པ་རྣམས་དང་འདྲ་པོ་འདུག 17 ཁོ་ཚོས། 'ང་ཚོས་ཁྱོད་ཚོའི་ཆེད་དུ་ལིང་བུ་བུས་ཀྱང་ཁྱོད་ཚོ་ཞབས་བྲོ་བཏབ་མ་བྱུང་། ང་ཚོས་ངུ་འབོད་ཆེན་པོ་བྱས་ཀྱང་ཁྱོད་ཚོས་བྲང་ཁོག་བརྡུངས་ནས་མྱ་ངན་བྱས་མ་བྱུང་།' 18 དེ་དང་འདྲ་བར་གལ་སྲིད་ཡོ་ཧ་ནན་ཡོང་ནས་ཟ་བཏུན་མ་བྱས་ན། མི་རྣམས་ཀྱིས་ 'ལྷའི་ཕོ་ཉ་ངན་པས་ཁོང་བཟུང་འདུག'ཟེར། 19 མིའི་བུ་ཡོང་ནས་ཟ་བཏུན་བྱས་ན་ 'ལྟོས་དང་། ཟ་རྔམ་ཆེ་བའི་ཨ་རག་མང་པོ་འཐུང་མཁན། སྡིག་ཅན་རྣམས་དང་ཁྲལ་སྡུད་མཁན་གྱི་གྲོགས་པོ'ཟེར། འོན་ཀྱང་མིའི་བྱ་སྤྱོད་ཀྱིས་མི་དེར་ཡང་དག་པའི་ཤེས་རབ་ཡོད་མེད་ར་སྤྲོད་བྱེད་ཐུབ”
20 དེ་ནས་ཡེ་ཤུས་གྲོང་ཁྱེར་ཁ་ཤས་ལ་སྐྱོན་བརྗོད་བྱས། གང་ཡིན་ཟེར་ན་ཁོང་གིས་ངོ་མཚར་ཆེ་བའི་བྱ་བ་མང་ཆེ་བ་དེ་ཚོའི་ནང་དུ་སྤེལ་ཡང་མི་རྣམས་ཀྱིས་འགྱོད་བཤགས་མ་བྱས། ཁོང་གིས། 21 “ཀྱེ། གྲོང་ཁྱེར་ཀོ་རཱ་ཟིན། ཁྱོད་ལ་ཆག་སྒོ་འབྱུང་ངེས་ཡིན། ཀྱེ། གྲོང་ཁྱེར་པེ་སེད་དཱ། ཁྱོད་ལ་ཆག་སྒོ་འབྱུང་ངེས་ཡིན། གལ་སྲིད་ངས་ཁྱོད་ཚོའི་ནང་དུ་སྤེལ་བའི་ངོ་མཚར་ཆེ་བའི་བྱ་བ་དེ་ཚོ་གྲོང་ཁྱེར་ཐཱ་ཨེར་དང་ཚི་དོན་ལ་བྱས་པ་ཡིན་ན། ས་ཆ་དེའི་མི་རྣམས་ཀྱིས་སྔ་ས་ནས་རས་རྩུབ་པོ་གྱོན་ཞིང་གོ་ཐལ་སྒང་ལ་བསྡད་ནས་འགྱོད་བཤགས་བྱས་པ་རེད། 22 དོན་དངོས་ཐོག་འདྲི་གཅོད་ཀྱི་ཉིན་མོར་ཐ་ན་ཐཱ་ཨེར་དང་ཚི་དོན་ལ་ཕོག་པའི་ཉེས་ཆད་ཀྱང་ཁྱོད་ཚོར་ཕོག་པའི་ཉེས་ཆད་ལས་ཡང་བ་ཡིན། 23 ཀྱེ། གྲོང་ཁྱེར་ཀཱ་ཕར་ན་ཧུམ། ཁྱོད་ཀྱི་གོ་གནས་ནམ་མཁར་འཕར་སྲིད་དམ། དེ་ལས་སྡོག་སྟེ་ཁྱོད་དུར་སར་མར་འབབ་ངེས་ཡིན། གང་ཡིན་ཟེར་ན་གལ་སྲིད་ངས་ཁྱོད་ཀྱི་ནང་དུ་སྤེལ་བའི་ངོ་མཚར་ཆེ་བའི་བྱ་བ་དེ་ཚོ་གྲོང་ཁྱེར་སཱ་དོམ་ནང་དུ་བྱས་པ་ཡིན་ན། གྲོང་ཁྱེར་དེ་ད་ལྟའི་བར་དུ་གནས་བཞིན་ཡོད་པ་རེད། 24 ངས་ཁྱེད་ཚོར་ཟེར། འདྲི་གཅོད་ཀྱི་ཉིན་མོར་ཐ་ན་སཱ་དོམ་ལ་ཕོག་པའི་ཉེས་ཆད་ཀྱང་ཁྱེད་ཚོར་ཕོག་པའི་ཉེས་ཆད་ལས་ཡང་བ་ཡིན།
25 སྐབས་དེར་ཡེ་ཤུས་བཤད། “ཀྱེ་ཡབ། གནམ་སའི་བདག་པོ་ལགས། ངས་མི་ཚང་མའི་མདུན་དུ་ཁྱེད་ལ་བསྟོད་བསྔགས་འབུལ། གང་ཡིན་ཟེར་ན་ཁྱེད་ཀྱིས་དོན་དེ་ཚོ་མི་སྤྱང་པོ་དང་ཤེས་ཡོན་ཅན་ལ་གསང་ནས་བྱིས་པ་རྣམས་ལ་གསལ་སྟོན་གནང་སོང་། 26 ལགས་རེད། ཀྱེ་ཡབ་ལགས། འདི་ནི་ཁྱེད་ཀྱི་དགའ་བའི་བྱེད་སྟངས་ཡིན། 27 ངའི་ཡབ་ཀྱིས་ང་ལ་ཐམས་ཅད་རྩིས་སྤྲད་བྱུང་། བུ་ལ་རྒྱུས་མངའ་ཆ་ཚང་ཡོད་མཁན་ཡབ་ཁོ་ན་ཡིན། བུ་དང་བུས་རང་མོས་ཀྱིས་གསལ་སྟོན་བྱེད་པའི་མི་མ་གཏོགས་སུས་ཀྱང་ཡབ་ལ་རྒྱུས་མངའ་ཆ་ཚང་མེད། 28 ཁྱེད་ཚོ་དཀའ་ལས་ཆེན་པོ་བརྒྱབ་ནས་ཁུར་པོ་ལྗིད་པོ་འཁུར་མཁན་ཚང་མ་ངའི་རྩ་ལ་ཤོག་དང་། ངས་ཁྱེད་ཚོའི་སེམས་ཤུགས་སླར་གསོ་བྱེད་ཀྱི་ཡིན། 29 ངའི་གཉའ་ཤིང་ཁྱེར་ནས་ང་ལ་སློབ་སྦྱོང་བྱེད་དང་། ང་གཤིས་རྒྱུད་འཇམ་པོ་དང་སྙེམས་ཆུང་ཡིན་པས། ཁྱེད་ཚོས་སླར་ཡང་སེམས་ཤུགས་གསོ་ཐུབ། 30 ངའི་གཉའ་ཤིང་ནི་འཁྱེར་བདེ་པོ་ཡོད། ངས་ཁྱེད་ཚོར་འགེལ་བའི་ཁུར་པོ་ནི་ཡང་པོ་ཡིན”



