མད་ཐཱ་ལེའུ་བཅུ་གཉིས་པ།

Matthew 12


1 དེའི་དུས་སུ་ཡེ་ཤུ་ངལ་གསོ་བའི་ཉིན་མོ་ཞིག་ལ་གྲོའི་ཞིང་ཁ་བརྒྱུད་ནས་ཕྱིན། ཁོང་གི་དགེ་ཕྲུག་རྣམས་གྲོད་ཁོག་ལྟོགས་ཏེ་གྲོའི་སྙེ་མ་བཏོགས་ནས་བཟས། 2 དེ་མཐོང་ནས་ཕཱ་རུ་སི་ཤོག་ཁག་གི་མི་རྣམས་ཀྱིས་ཁོང་ལ། “ལྟོས་དང་། ཁྱེད་རང་གི་དགེ་ཕྲུག་རྣམས་ཀྱིས་ངལ་གསོ་བའི་ཉིན་མོའི་ཁྲིམས་དང་འགལ་བའི་ལས་ཀ་བྱེད་ཀྱི་འདུག” ཅེས་བཤད། 3 ཡེ་ཤུས་ལན་དུ། “གསུང་རབ་ནང་དུ་དཱ་བིད་དང་ཁོང་གི་རོགས་པ་རྣམས་གྲོད་ཁོག་ལྟོགས་དུས་ཁོང་གིས་གང་བྱས་པ་ཁྱེད་ཚོས་ཀློག་མྱོང་མེད་དམ། 4 ཁོང་དཀོན་མཆོག་གི་མཆོད་ཁང་ལ་འཛུལ་བ་དང་ཁོང་ཚོས་མཆོད་པའི་བག་ལེབ་བཟས་པ་རེད། ཁྲིམས་ལྟར་ན་ཁོང་དང་རོགས་པ་རྣམས་ཀྱིས་དེ་ཟ་མི་ཆོག མཆོད་དཔོན་ཁོ་ནས་ཟ་ཆོག 5 ད་དུང་ངལ་གསོ་བའི་ཉིན་མོར་མཆོད་ཁང་ནང་གི་མཆོད་དཔོན་རྣམས་ངལ་གསོ་བའི་ཉིན་མོའི་ཁྲིམས་དང་འགལ་ནའང་ཉེས་པར་མི་བརྩི་བ་དེ་ཁྱེད་ཚོས་བཀའ་ཁྲིམས་ནང་དུ་ཀློག་མྱོང་མེད་དམ། 6 ངས་ཁྱེད་ཚོར་ཟེར། མཆོད་ཁང་ལས་གལ་ཆེ་བའི་མི་འདིར་ཡོད། 7 'ང་ལ་དགོས་པ་ནི་བྱམས་སྙིང་རྗེ་ཡིན་པ་ལས་དམར་མཆོད་མིན' ཞེས་གསུངས་པའི་གོ་དོན་ཧ་གོ་ཡོད་ན་ཁྱེད་ཚོས་ཉེས་མེད་པའི་མི་ལ་ཉེས་འཛུགས་མེད། 8 མིའི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན” ཞེས་བཤད།

9 ས་ཆ་དེ་ནས་ཐོན་རྗེས་ཡེ་ཤུ་ཚོགས་ཁང་ནང་དུ་འཛུལ། 10 དེར་ལག་པ་ཡ་གཅིག་འཁུམས་པའི་མི་ཞིག་ཡོད། མི་ཁག་གཅིག་གིས་ཡེ་ཤུ་ལ་སྐྱོན་འཛུགས་པའི་ཆེད་དུ། “ངལ་གསོ་བའི་ཉིན་མོར་སྨན་བཅོད་བྱེད་པ་དེ་ཁྲིམས་མཐུན་ཡིན་ནམ” ཞེས་དྲིས། 11 ཡེ་ཤུས་ཁོ་ཚོར། “ཁྱེད་ཚོའི་ཁྲོད་དུ་སུ་ཞིག་གིས་རང་ཉིད་ཀྱི་ལུག་གཅིག་ངལ་གསོ་བའི་ཉིན་མོར་ས་དོང་ལ་ལྷུངས་ན། ལུག་དེ་བཟུང་ནས་ཡར་མི་འདོན་ནམ། 12 མི་ལུག་ལས་རིན་ཐང་ཧ་ཅང་ཆེ་བས། ངལ་གསོ་བའི་ཉིན་མོར་བྱ་བཟང་བྱེད་པ་ནི་ཁྲིམས་མཐུན་ཡིན” ཞེས་བཤད། 13 དེ་ནས་ཡེ་ཤུས་མི་དེར། “ལག་པ་རྐྱོངས་དང”ཞེས་བཤད། མི་དེས་ལག་པ་བརྐྱངས་མ་ཐག་ལག་པ་དེ་ལག་པ་གཞན་པ་ལྟར་དྲག་སོང་། 14 འོན་ཀྱང་ཕཱ་རུ་སི་ཤོག་ཁག་གི་མི་རྣམས་ཕྱི་ལ་ཐོན་ནས་ཡེ་ཤུ་གསད་པའི་ཆེད་དུ་ལྐོག་ངན་བཤམས། 15 ཡེ་ཤུས་དེའི་སྐོར་ཤེས་ནས་ས་ཆ་དེ་དང་ཁ་བྲལ། མི་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས། ཡེ་ཤུས་ཁོ་ཚོ་ཚང་མའི་ན་ཚ་བསལ། 16 འོན་ཀྱང་ཡེ་ཤུས་ནན་ཏན་གྱིས་ཁོ་ཚོར་མི་ལ་ཁོང་གི་སྐོར་བཤད་མི་ཆོག་ཅེས་བཀའ་བཀོད། 17 དེ་ནི་སྔོན་ཤེས་པ་ཡེ་ཤ་ཡཱའི་སྔོན་བཤད་དངོས་སུ་འགྲུབ་པའི་ཆེད་དུ་ཡིན། ཁོང་གིས་བཤད་པར།

18 “ལྟོས་ཤིག འདི་ནི་ངས་བདམས་པའི་ཞབས་འདེགས་པ་ཡིན། ངས་ཁོང་ལ་མཉེས་པོ་ཡོད། ཁོང་ནི་ངའི་སེམས་ལ་མགུ་བ་ཞིག་ཡིན། ངས་ཁོང་ལ་ངའི་ལྷད་མེད་ནུས་ཤུགས་སྤྲོད། ཁོང་གིས་རྒྱལ་ཁབ་རྣམས་ལ་དྲང་བདེན་གྱི་གོ་དོན་གསལ་སྟོན་བྱེད། 19 ཁོང་ཁ་རྩོད་མི་རྒྱག་ལ་སྐད་ཅོར་ཡང་མི་རྒྱག མི་སུས་ཀྱང་ཁྲོམ་ལམ་ཆེན་པོར་ཁོང་གི་སྒྲ་མི་ཐོས། 20 ཁོང་གིས་རྨས་སྐྱོན་བྱུང་བའི་འདམ་རྩྭ་མི་གཅག ཤི་ཐབས་ཡོད་པའི་སྣུམ་བཞུའི་མེ་མི་གསད། ཁོང་གིས་མུ་མཐུད་དེ་ལྟར་བྱས་ནས་དྲང་བདེན་ཡོངས་སུ་སྤེལ། 21 རྒྱལ་ཁབ་རྣམས་ཀྱིས་ཁོང་གི་མིང་ལ་རེ་བ་བཅོལ།”

22 སྐབས་དེར་མི་རྣམས་ཀྱིས་ལྷའི་ཕོ་ཉ་ངན་པས་ཁ་ལོ་བསྒྱུར་བའི་སྐད་ཆ་བཤད་མི་ཐུབ་པའི་ལོང་བ་ཞིག་ཁོང་གི་མདུན་དུ་ཁྲིད། ཡེ་ཤུས་མི་དེ་བཅོས་པས་ཁོས་སྐད་ཆ་བཤད་ཐུབ་པ་དང་མཐོང་ཐུབ་པར་གྱུར། 23 མི་ཚང་མས་ཧ་ལས་པ་དང་། “གཅིག་བྱས་ན་མི་འདི་དཱ་བིད་ཀྱིས་སྲས་མིན་ནམ” ཞེས་བཤད། 24 ཤོག་ཁག་ཕ་རུ་སི་པ་རྣམས་ཀྱིས་སྐད་ཆ་དེ་ཐོས་ནས་ “མི་འདི་གཏན་གཏན་ལྷའི་ཕོ་ཉ་ངན་པ་རྣམས་ཀྱི་དབང་སྒྱུར་པ་བ་ཨལ་ཟེ་བུལ་ལ་བརྟེན་ནས་ལྷའི་ཕོ་ཉ་ངན་པ་བསྐྲོད་པ་རེད” ཅེས་བཤད། 25 ཡེ་ཤུས་ཁོ་ཚོའི་བསམ་ཚུལ་ཤེས་ནས། “རྒྱལ་ཁབ་ཅིག་ལ་ནང་འཁྲུག་བྱུང་ན་དེ་ཉམས་རྒུད་འགྲོ། གྲོང་ཁྱེར་དང་ཁྱིམ་ཚང་ནང་ལའང་ནང་འཁྲུག་བྱུང་ན་བརྟེན་པོར་གནས་མི་ཐུབ། 26 དེ་ལྟར་གལ་སྲིད་སཱ་ཏན་གྱིས་སཱ་ཏན་བསྐྲོད་པ་ཡིན་ན་ཁོས་རང་ཉིད་ལ་ཁ་གཏད་ནས་ནང་འཁྲུག་བསླངས་པ་རེད། དེ་ལྟར་ཡིན་ན་ཁོའི་རྒྱལ་སྲིད་གང་འདྲ་བྱས་ནས་མུ་མཐུད་གནས་ཀྱི་རེད། 27 ད་དུང་གལ་སྲིད་ངས་བ་ཨལ་ཟེ་བུལ་ལ་བརྟེན་ནས་ལྷའི་ཕོ་ཉ་ངན་པ་བསྐྲོད་པ་ཡིན་ན་ཁྱེད་ཚོའི་དགེ་ཕྲུག་རྣམས་ཀྱིས་སུ་ལ་བརྟེན་ནས་ལྷའི་ཕོ་ཉ་ངན་པ་སྐྲོད་དམ། དེ་ལྟར་ཁྱེད་ཚོའི་དགེ་ཕྲུག་གིས་ཁྱེད་ཚོ་ནོར་བ་ར་སྤྲོད་བྱེད་ཀྱི་རེད། 28 འོན་ཀྱང་གལ་སྲིད་ངས་དཀོན་མཆོག་གི་ལྷད་མེད་ནུས་ཤུགས་ལ་བརྟེན་ནས་ལྷའི་ཕོ་ཉ་ངན་པ་བསྐྲོད་ཡོད་ན། དཀོན་མཆོག་གི་རྒྱལ་སྲིད་དངོས་གནས་ཁྱེད་ཚོའི་རྩར་སླེབས་ཡོད། 29 གཟུགས་སྟོབས་ཆེ་བའི་མིའི་ཁང་པར་བཙན་འཛུལ་བྱས་ནས་རྒྱུ་ནོར་འཕྲོག་དགོས་བསམས་ན། སྔོན་ལ་མི་དེ་བཅིངས་དགོས། དེ་ནས་ཁང་པའི་ནང་གི་ཅ་ལག་འཕྲོག་ཐུབ། 30 མི་སུ་ཡང་ངའི་ཕྱོགས་ལ་མ་ལངས་ན་ང་ལ་ཁ་གཏད་བྱེད་ཀྱི་ཡོད། ང་དང་མཉམ་དུ་མ་བསྡུས་ན་མི་དེ་ཁ་གཏོར་གཏོང་མཁན་ཡིན”

31 “དེའི་རྐྱེན་གྱིས་ངས་ཁྱེད་ཚོར་ཟེར། མིའི་སྡིག་པ་སྣ་ཚོགས་དང་སྐུར་འདེབས་མི་འདྲ་བ་བྱེད་པ་ཚང་མར་གུ་ཡངས་གཏང་སྲིད། འོན་ཀྱང་ལྷད་མེད་ནུས་ཤུགས་ལ་སྐུར་བ་འདེབས་པ་ལ་གུ་ཡངས་གཏང་མི་སྲིད། 32 དཔེར་ན། མི་སུས་ཀྱང་མིའི་བུ་ལ་ངོ་རྒོལ་གྱི་སྐད་ཆ་བཤད་ཀྱང་མི་དེར་གུ་ཡངས་གཏང་གི་རེད། འོན་ཀྱང་ལྷད་མེད་ནུས་ཤུགས་ལ་ངོ་རྒོལ་གྱི་སྐད་ཆ་བཤད་ན། ད་ལྟའི་ལམ་ལུགས་དང་མ་འོངས་པའི་ལམ་ལུགས་ལའང་མི་དེར་གུ་ཡངས་གཏང་མི་སྲིད།

33 “གལ་སྲིད་ཁྱེད་ཚོས་ཤིང་སྡོང་བཟང་པོ་བཏབ་ན་ཤིང་འབྲས་བཟང་པོ་སྐྱེ། རུལ་སྐྱོན་བྱུང་བའི་ཤིང་སྡོང་བཏབ་ན་ཤིང་འབྲས་ངན་པ་སྐྱེ། ཤིང་འབྲས་ལ་བལྟས་ན་ཤིང་སྡོང་གང་འདྲ་ཡིན་པ་ཧ་གོ་ཐུབ། 34 དུག་སྦྲུལ་གྱི་རྒྱུད་པ་རྣམས། ཁྱེད་ཚོ་ངན་པ་ཡིན་དུས་སྐད་ཆ་བཟང་པོ་གང་འདྲ་བྱས་ནས་བཤད་ཐུབ་པམ། སེམས་ནང་དུ་གང་ཁེངས་པ་དེ་མིའི་ཁ་ཡིས་བཤད། 35 མི་བཟང་པོ་ཞིག་གིས་ཁོའི་བང་མཛོད་བཟང་པོ་ནང་ནས་བྱ་བ་བཟང་པོ་འདོན། མི་ངན་པ་ཞིག་གིས་ཁོའི་བང་མཛོད་ངན་པའི་ནང་ནས་བྱ་བ་ངན་པ་འདོན། ངས་ཁྱེད་ཚོར་ཟེར། 36 འདྲི་གཅོད་ཀྱི་ཉིན་མོར་མིས་རང་གིས་བཤད་པའི་ཕན་ཐོགས་མེད་པའི་སྐད་ཆ་རེ་རེའི་སྐོར་འགན་འཁུར་དགོས། 37 ཁྱེད་ཚོ་རང་གིས་བཤད་པའི་སྐད་ཆ་ལ་གཞིགས་ནས་དྲང་བདེན་གྱི་མི་ཡིན་པའི་ཐག་གཅོད་འཐོབ། ཡང་ན་ཁྱེད་ཚོ་རང་གིས་བཤད་པའི་སྐད་ཆ་ལ་གཞིགས་ནས་ཁྱེད་ཚོར་ཁྲིམས་གཅོད་གཏང”

38 སྐབས་དེར་བཀའ་ཁྲིམས་མཁས་པ་དང་ཤོག་ཁག་ཕཱ་རུ་སི་པའི་མི་ཁ་ཤས་ཤིག་གིས། “རྒན་ལགས། ང་ཚོས་ཁྱེད་རང་གི་དཔང་རྟགས་ལྟ་དགོས་ཡོད” ཅེས་བཤད། 39 ཡེ་ཤུས་ལན་དུ། “འགབ་མཐུན་གྱི་མི་རབས་ངན་པས་རྟག་པར་དཔང་རྟགས་དགོས་ཀྱང་། སྔོན་ཤེས་པ་ཡོ་ནཱ་ཡི་དཔང་རྟགས་མ་གཏོགས་ཁོ་ཚོར་གང་ཡང་སྤྲོད་མི་སྲིད། 40 ཡོ་ནཱ་ཉ་ཆེན་པོའི་གྲོད་ཁོག་ནང་དུ་ཉིན་མཚན་གསུམ་གནས་པ་ལྟར། མིའི་བུ་ཡང་ས་འོག་ཏུ་ཉིན་མཚན་གསུམ་གནས་ཡོང་། 41 འདྲི་གཅོད་ཀྱི་དུས་སུ་གྲོང་ཁྱེར་ནི་ནེ་ཝཱའི་མི་རྣམས་ཀྱིས་མི་རབས་འདི་དང་མཉམ་དུ་ཡར་ལངས་ནས་མི་རབས་འདི་ལ་སྐྱོན་བརྗོད་གཏང་གི་རེད། ཁོ་ཚོས་ཡོ་ནཱའི་གཏམ་ལ་ཉན་ནས་འགྱོད་བཤགས་བྱས། འོན་ཀྱང་ལྟོས་དང་། འདིར་ཡོ་ནཱ་ལས་གལ་ཆེ་བའི་མི་ཞིག་ཡོད། 42 འདྲི་གཅོད་ཀྱི་དུས་སུ་ལྷོ་ཕྱོགས་གི་རྒྱལ་མོས་ཀྱང་མི་རབས་འདི་དང་མཉམ་དུ་ཡར་ལངས་ནས་མི་རབས་འདི་ལ་སྐྱོན་བརྗོད་གཏང་གི་རེད། ཁོ་མོས་སོ་ལོ་མོན་གྱི་ཤེས་རབ་ཉན་པའི་ཆེད་དུ་ས་གཞིའི་མཐའ་མཚམས་ནས་ཡོང་། འོན་ཀྱང་ལྟོས་དང་། འདིར་སོ་ལོ་མོན་ལས་གལ་ཆེ་བའི་མི་ཞིག་ཡོད”

43 “ལྷའི་ཕོ་ཉ་ངན་པ་ཞིག་མི་ནས་ཐོན་རྗེས། ངལ་གསོ་བའི་ས་ཆ་འཚོལ་བའི་ཆེད་དུ་ཆུ་མེད་པའི་ས་ཆ་བརྒྱུད་ནས་འགྲོ། འོན་ཀྱང་རྙེད་མ་ཐུབ་པས། 44 'ང་ཐོན་པའི་ཁང་པ་དེར་ལོག་འགྲོ་དགོས' ཞེས་བཤད། ལོག་སླེབས་དུས་ཁང་པ་དེ་སྟོང་པ་ཡིན་པ་དང་གད་ཕྱིས་བྱས་ཚར་ནས་མཛེས་པོ་བཟོས་ཡོད་པ་མཐོང་བས། 45 ཕར་ཕྱིན་ནས་རང་ཉིད་ལས་ངན་པའི་ལྷའི་ཕོ་ཉ་བདུན་ཁྲིད་ནས་ཡོང་། ཁོ་ཚོ་ནང་ལ་འཛུལ་ནས་དེར་བསྡད་པས། མི་དེའི་མཐར་ཐུག་གི་གནས་ཚུལ་ཐོག་མ་ལས་ཚབས་ཆེ་བར་འགྱུར། མི་རབས་ངན་པ་འདིའི་གནས་སྟངས་ཡང་དེ་བཞིན་ཡིན”

46 ཡེ་ཤུས་མི་ཚོགས་ལ་གཏམ་བཤད་སྐབས། ཁོང་གི་ཨ་མ་དང་གཅུང་པོ་རྣམས་ཁོང་དང་སྐད་ཆ་བཤད་པའི་ཆེད་དུ་ཕྱི་ལོགས་ལ་ལངས་བསྡད་པས། 47 མི་ཞིག་གིས་ཁོང་ལ། “གཟིགས་དང་། ཁྱེད་རང་གི་ཨ་མ་ལགས་དང་གཅུང་པོ་ཚོ་ཁྱེད་རང་དང་སྐད་ཆ་བཤད་པའི་ཆེད་དུ་ཕྱི་ལོགས་ལ་ལངས་བསྡད་འདུག” ཅེས་བཤད། 48 ཡེ་ཤུས་མི་དེར་ལན་དུ། ངའི་ཨ་མ་ནི་སུ་ཡིན་ནམ། ངའི་གཅེན་གཅུང་ནི་སུ་ཡིན་ནམ” 49 དེ་ནས་ཁོང་གིས་དགེ་ཕྲུག་རྣམས་ལ་ལག་པ་བརྐྱངས་ནས། “ལྟོས་དང་། ཁོ་ཚོ་ནི་ངའི་ཨ་མ་དང་གཅེན་གཅུང་ཡིན། 50 སུ་ཞིག་ཀྱང་ནམ་མཁར་བཞུགས་པའི་ངའི་ཡབ་ཀྱི་དགོངས་པ་བཞིན་དུ་སྒྲུབ་མཁན་ནི་ངའི་གཅེན་གཅུང་དང་ཨ་མ་ཡིན” ཞེས་བཤད།