མད་ཐཱ་ལེའུ་བཅུ་གསུམ་པ།

Matthew 13


1 ཉིན་དེར་ཡེ་ཤུ་ཁང་པ་ལས་ཐོན་ནས་མཚོ་འགྲམ་ལ་བསྡད། 2 མི་ཚོགས་ཆེན་པོ་ཁོང་གི་མདུན་དུ་འཛོམས་པས། ཁོང་གྲུའི་སྟེང་དུ་ཕྱིན་ནས་མར་བསྡད་པ་དང་། མི་ཚོགས་ཚང་མ་མཚོ་འགྲམ་དུ་ལངས་ནས་བསྡད། 3 ཡེ་ཤུས་དོན་དག་མང་པོ་དཔེ་བཞག་ནས་བཤད། “ལྟོས་དང་། ས་བོན་འདེབས་མཁན་ཞིག་གིས་ཕྱིན་ནས་ས་བོན་གཏོར། 4 ས་བོན་གཏོར་དུས། ས་བོན་ཁ་ཤས་ལམ་འགྲམ་དུ་ཟགས་པས། བྱིའུ་རྣམས་ཡོང་ནས་དེ་ཚོ་བཟས་སོང་། 5 ས་བོན་ཁ་ཤས་ས་མང་པོ་མེད་པའི་བྲག་གི་སྟེང་དུ་ཟགས་སོང་། ས་ཟབ་པོ་མེད་པས་དེ་ཚོ་མགྱོགས་པོ་མྱུ་གུ་སྐྱེས་ཀྱང་། 6 ཉི་མ་ཤར་མ་ཐག་མྱུ་གུ་ཉི་མས་ཚིག་པ་དང་། དེ་ཚོར་རྩ་བ་མེད་པས་སྐམ་སོང་། 7 ས་བོན་ཁ་ཤས་ཚེར་མའི་ཁྲོད་དུ་ཟགས་ཏེ། ཚེར་མ་སྐྱེས་ནས་དེ་ཚོ་བཅུར་ནས་བཀག་སོང་། 8 ཡང་ཁ་ཤས་ཤིག་ས་རྒྱུ་བཟང་པོའི་སྟེང་དུ་ཟགས་ནས་འབྲས་བུ་སྐྱེས། ཁ་ཤས་ལྡབ་བརྒྱ་དང་ཁ་ཤས་ལྡབ་དྲུག་བཅུ། ཁ་ཤས་ལྡབ་སུམ་བཅུ་སྐྱེས། 9 རྣ་བ་ཡོད་པའི་མིས་ང་ལ་ཉོན་དང” ཞེས་བཤད།

10 དགེ་ཕྲུག་རྣམས་ཡོང་ནས་ཡེ་ཤུ་ལ། “ཁྱེད་རང་གིས་ཁོ་ཚོར་དཔེ་བཞག་ནས་གཏམ་བཤད་གནང་བ་གང་ཡིན” ཞེས་དྲིས། 11 ཁོང་གིས་ལན་དུ། “ཁྱེད་ཚོས་ནམ་མཁའི་རྒྱལ་སྲིད་སྐོར་གྱི་དཀོན་མཆོག་གི་གསང་བ་ཤེས་རྟོགས་བྱེད་ཆོག འོན་ཀྱང་ཁོ་ཚོས་ཤེས་རྟོག་བྱེད་མི་ཆོག 12 ཡོད་མཁན་རྣམས་ལ་དེ་བས་མང་བ་ཐོབ་ནས་ཕུན་སུམ་ཚོགས་པར་འགྱུར། འོན་ཀྱང་མེད་མཁན་རྣམས་ནི་ཁོ་ཚོར་ཡོད་པ་ཙམ་ཡང་ཤོར་རྒྱུ་རེད། 13 དཔེ་བཞག་ནས་ཁོ་ཚོར་གཏམ་བཤད་བྱེས་པའི་རྒྱུ་མཚན་འདི་ཡིན། ཁོ་ཚོས་བལྟས་ན་ཡང་དོན་མེད་དུ་བལྟས། ཁོ་ཚོས་ཐོས་ན་ཡང་དོན་མེད་དུ་ཐོས་ཏེ། ཧ་གོ་གི་མ་རེད། 14 སྔོན་ཤེས་པ་ཡེ་ཤ་ཡཱའི་སྔོན་བཤད་འདི་ཁོ་ཚོའི་ལུས་ཐོག་ཏུ་དངོས་སུ་གྲུབ་འདུག 'ཁྱོད་ཚོ་ཐོས་ཀྱང་རྩ་བ་ནས་གོ་བ་མི་ལེན། ཁྱོད་ཚོ་བལྟས་ཀྱང་རྩ་བ་ནས་ཧ་གོ་གི་མ་རེད། 15 མི་འདི་ཚོའི་སེམས་ནི་རྨོངས་ཚར་འདུག རྣ་བས་ཐོས་ཀྱང་ལན་མི་རྒྱག་ལ། མིག་ཡང་བཙུམས་སོང་། ཁོ་ཚོས་མིག་གིས་མཐོང་མི་ཐུབ་ལ་རྣ་བས་གོ་མི་ཐུབ། སེམས་ཀྱིས་ཧ་གོ་ནས་འགྱོད་བཤགས་བྱེད་མི་ཐུབ་པས། ངས་ཁོ་ཚོའི་ནད་སེལ་མི་སྲིད།'

16 “འོན་ཀྱང་ཁྱེད་ཚོའི་མིག་ནི་མཐོང་ཐུབ་པས། ཁྱེད་ཚོའི་རྣ་བ་ནི་གོ་ཐུབ་པས་བདེ་སྐྱིད་འདུག 17 ངས་ཁྱེད་ཚོར་བདེན་པ་ཟེར། སྔོན་ཤེས་པ་དང་དྲང་བདེན་གྱི་མི་མང་པོས་ཁྱེད་ཚོས་ལྟ་བཞིན་ཡོད་པའི་བྱ་བ་རྣམས་ལྟ་འདོད་ཆེན་པོ་ཡོད་ཀྱང་མཐོང་ཐུབ་མ་སོང་། ཁྱེད་ཚོས་གོ་བཞིན་ཡོད་པའི་དོན་དག་གོ་འདོད་ཆེན་པོ་ཡོད་ཀྱང་གོ་ཐུབ་མ་སོང་།

18 “ད་ཁྱེད་ཚོས་ས་བོན་གཏོར་མཁན་གྱི་དཔེ་གི་སྐོར་ཉོན་དང་། 19 མི་ཞིག་གིས་རྒྱལ་སྲིད་ཀྱི་སྐོར་ཐོས་ཀྱང་གོ་བ་མ་ལེན་ན། ངན་པ་ཅན་དེ་ཡོང་ནས་མི་དེའི་སེམས་ལ་ཟགས་པ་དེ་འཕྲོག་ནས་འགྲོ། དེ་ནི་ལམ་འགྲམ་ལ་ཟགས་པ་དེ་རེད། 20 བྲག་གི་སྟེང་དུ་ཟགས་པ་དེ་ནི་དཀོན་མཆོག་གི་གསུང་ཐོས་ནས་ལམ་སེང་དགའ་སྤྲོ་ངང་དང་ལེན་བྱེད་མཁན་ཡིན། 21 ཡིན་ན་ཡང་མི་དེར་རྩ་བ་མེད་པས་དུས་ཡུན་ཏོག་ཙམ་རྒྱུན་འཁྲོངས་བྱེད་ཀྱང་དཀོན་མཆོག་གི་གསུང་གྱི་རྐྱེན་གྱིས་དཀའ་སྡུག་དང་མནར་གཅོད་ཕོག་ན་འཕྲལ་དུ་དབྱུག་གཞག་གི་རེད། 22 ཚེར་མའི་ཁྲོད་དུ་ཟགས་པ་ནི་མི་ཞིག་གིས་དཀོན་མཆོག་གི་གསུང་ཐོས་ཀྱང་ལམ་ལུགས་འདིའི་སེམས་ཁྲལ་དང་རྒྱུ་ནོར་གྱི་སླུ་བྲིད་ཀྱིས་གསུང་དེ་བཀག་འགོག་བྱེད་པས་འབྲས་བུ་སྐྱེ་མི་ཐུབ། 23 ས་རྒྱུ་བཟང་པོའི་སྟེང་དུ་ཟགས་པ་དེ་ནི། མི་ཞིག་གིས་དཀོན་མཆོག་གི་གསུང་ཐོས་ནས་གོ་བ་ལེན་པ་དང་། དངོས་གནས་འབྲས་བུ་སྐྱེས་ནས་ཁ་ཤས་ལྡབ་བརྒྱ་དང་ཁ་ཤས་ལྡབ་དྲུག་བཅུ། ཁ་ཤས་ལྡབ་སུམ་བཅུའི་ཐོན་ཚད་ཡོད།”

24 ཡེ་ཤུས་དཔེ་གཞན་ཞིག་ཁོ་ཚོར་བཞག་ནས་བཤད་པར། “ནམ་མཁའི་རྒྱལ་སྲིད་ནི་ཞིང་ཁར་ས་བོན་བཟང་པོ་གཏོར་བའི་མི་དང་འདྲ། 25 མི་རྣམས་གཉིད་ཉལ་བའི་རིང་ཁོང་གི་དགྲ་བོ་ཡོང་ནས་གྲོའི་ཁྲོད་དུ་དུག་གྲོ་གཏོར་ནས་ཕྱིན། 26 ལྗང་པ་སྐྱེས་ནས་སྙེ་མ་བཏགས་དུས་དུག་གྲོ་ཡང་ཐོན། 27 ཁྱིམ་བདག་གི་གཡོག་པོ་རྣམས་ཡོང་ནས་ཁོང་ལ། 'བདག་པོ་ལགས། ཁྱེད་རང་གིས་ཞིང་ཁར་གཏོར་བ་དེ་ས་བོན་བཟང་པོ་མ་ཡིན་ནམ། བྱས་ན་དུག་གྲོ་དེ་ཚོ་གང་ནས་ཡོང་བ་རེད' ཅེས་དྲིས། 28 ཁྱིམ་བདག་གིས་ཁོ་ཚོར། 'འདི་དགྲ་བོ་ཞིག་གིས་བྱས་པ་རེད' ཅེས་བཤད། གཡོག་པོ་རྣམས་ཀྱིས་ཁོང་ལ། 'བྱས་ན་ང་ཚོ་ཕྱིན་ནས་དུག་གྲོ་བསྡུ་དགོས་སམ' ཞེས་དྲིས། 29 ཁོང་གིས། 'མི་དགོས། དུག་གྲོ་བསྡུ་དུས་གྲོའི་རྩ་ཡང་མཉམ་དུ་འགོག་སྲིད། 30 ལོ་ཏོག་རྔ་བའི་དུས་བར་དུ་གཉིས་ཀ་མཉམ་དུ་སྐྱེ་རུ་བཅུག་དང་། ལོ་ཏོག་རྔ་བའི་དུས་ལ་སླེབས་ན་ངས་རྔ་མཁན་ལ། ཐོག་མར་དུག་གྲོ་བསྡུས་ནས་མེ་སྲེག་གཏང་བའི་ཆེད་དུ་བཅིངས་པའི་རྗེས་ལ། གྲོ་རྣམས་ངའི་མཛོད་ཁང་ནང་དུ་བསྡུ་དགོས་ཞེས་བཀའ་གཏང་གི་ཡིན'”

31 ཡེ་ཤུས་དཔེ་གཞན་ཞིག་བཞག་ནས་བཤད་པར། “ནམ་མཁའི་རྒྱལ་སྲིད་ནི་ཡུངས་དཀར་གྱི་ས་བོན་ཞིག་དང་འདྲ། མི་ཞིག་གིས་དེ་ཞིང་ཁར་བཏབ། 32 དེ་ནི་ས་བོན་སྣ་ཚོགས་ནང་ནས་ཆུང་ཤོས་ཤིག་ཡིན་ན་ཡང་། འཚར་ལོངས་བྱས་ན་དེ་ཚལ་ནང་ནས་ཆེ་ཤོས་ཤིག་ཏུ་འགྱུར་ནས་ཤིང་སྡོང་ལྟར་ཆགས་པས། གནམ་གྱི་བྱ་བྱིའུ་རྣམས་ཡོང་ནས་དེའི་ཡལ་གའི་ཁྲོད་དུ་གནས་ས་རྙེད”

33 ཡེ་ཤུས་ཁོ་ཚོར་དཔེ་གཞན་ཞིག་བཤད། “ནམ་མཁའི་རྒྱལ་སྲིད་ནི་སྐྱུར་རྩི་དང་འདྲ། བུད་མེད་ཅིག་གིས་གྲོ་ཞིབ་བྲེ་ཆེན་པོ་གསུམ་དང་མཉམ་དུ་བསྲེས་ནས། རྗེས་སུ་བག་ཟན་ཧྲིལ་པོ་ལངས་སོང”

34 ཡེ་ཤུས་མི་ཚོགས་ལ་དོན་དེ་ཚོ་དཔེ་རྣམས་བེད་སྤྱད་ནས་བཤད། དོན་དངོས་ཐོག་དཔེ་བེད་སྤྱོད་མ་བྱས་ན་ཁོ་ཚོར་གང་ཡང་མ་བཤད། 35 དེ་ནི་སྔོན་ཤེས་པ་བརྒྱུད་ནས་ “ངས་ཁ་གདངས་ནས་དཔེ་རྣམས་བཤད། ཐོག་མ་ནས་སྦས་པའི་དོན་རྣམས་ཁྱབ་སྤེལ་བྱེད” ཅེས་གསུངས་པ་དངོས་སུ་གྲུབ།

36 མི་ཚོགས་འགྲོ་རུ་བཅུག་པའི་རྗེས་སུ་ཡེ་ཤུ་ཁང་པའི་ནང་དུ་འཛུལ། ཁོང་གི་དགེ་ཕྲུག་རྣམས་ཁོང་གི་རྩར་ཡོང་ནས། “ཞིང་ཁའི་དུག་གྲོའི་དཔེ་གི་སྐོར་ང་ཚོར་འགྲེལ་བཤད་གནང་དང” ཞེས་བཤད། 37 ཁོང་གིས་བཤད་པར། “ས་བོན་བཟང་པོ་གཏོར་མཁན་ནི་མིའི་བུ་ཡིན། 38 ཞིང་ཁ་ནི་འཛམ་གླིང་ཡིན། ས་བོན་བཟང་པོ་ནི་རྒྱལ་སྲིད་ཀྱི་བུ་རྣམས་ཡིན། དུག་གྲོ་ནི་ངན་པ་ཅན་གྱི་བུ་རྣམས་ཡིན། 39 དེ་ཚོ་གཏོར་བའི་དགྲ་བོ་ནི་བདུད་ཡིན། ལོ་ཏོག་རྔ་བའི་དུས་སྐབས་ནི་ལམ་ལུགས་ཀྱི་མཇུག་སྒྲིལ་ཡིན། རྔ་བསྡུ་བྱེད་མཁན་ནི་ལྷའི་ཕོ་ཉ་རྣམས་ཡིན། 40 ལམ་ལུགས་མཇུག་སྒྲིལ་སྐབས་སུ་དུག་གྲོ་རྣམས་བསྡུས་ནས་མེ་སྲེག་གཏང་བ་ལྟ་བུའི་གནས་ཚུལ་ཡོད། 41 མིའི་བུས་ཕོ་ཉ་རྣམས་གཏང་བ་དང་། ཕོ་ཉ་རྣམས་ཀྱིས་ཁོང་གི་རྒྱལ་སྲིད་ནས་དད་པ་ཤོར་དུ་བཅུག་པའི་རྒྱུ་རྐྱེན་དང་དཀོན་མཆོག་གི་ཁྲིམས་བརྩི་སྲུང་མི་བྱེད་མཁན་ཚང་མ་བསྡུ་ལ། 42 དེ་ཚོ་མེ་ཐབ་ལ་དབྱུག ཁོ་ཚོ་དེར་ངུ་ཞིང་ཨམ་གཙིགས་བསྡམ་རྒྱུ་རེད། 43 སྐབས་དེར་དྲང་བདེན་གྱི་མི་རྣམས་ཡབ་ཀྱི་རྒྱལ་སྲིད་ནང་དུ་ཉི་མ་ལྟར་འོད་འཚེར། རྣ་བ་ཡོད་པའི་མིས་ང་ལ་ཉོན་དང”

44 “ནམ་མཁའི་རྒྱལ་སྲིད་ནི་ས་ཞིང་ལ་སྦས་པའི་ནོར་བུ་དང་འདྲ། མི་ཞིག་གིས་དེ་རྙེད་ནས་སླར་ཡང་སྦས། མི་དེ་དགའ་སྤྲོ་ཆེན་པོ་སྐྱེས་པས་ཕྱིན་ནས་རང་ལ་ཡོད་པ་ཚང་མ་བཙོངས་པ་དང་། ས་ཞིང་དེ་ཉོས་པ་རེད”

45 “ཡང་ནམ་མཁའི་རྒྱལ་སྲིད་ནི་རྩ་ཆེ་བའི་མུ་ཏིག་འཚོལ་ཞིང་འགྲུལ་བའི་ཚོང་པ་ཞིག་དང་འདྲ། 46 མི་དེས་རིན་ཐང་ཆེ་བའི་མུ་ཏིག་གཅིག་རྙེད་མ་ཐག ཕར་ཕྱིན་ནས་རང་ལ་ཡོད་པ་ཚང་མ་བཙོངས་ནས་མུ་ཏིག་དེ་ཉོས་པ་རེད།

47 “ཡང་ནམ་མཁའི་རྒྱལ་སྲིད་ནི་མཚོ་ལ་མར་བཀྲམ་ནས་ཉ་སྣ་ཚོགས་སྡུད་བའི་ཉ་རྒྱ་དང་འདྲ། 48 ཉ་རྒྱ་ཁེངས་རྗེས་མི་རྣམས་ཀྱིས་དེ་མཚོ་འགྲམ་ལ་ཡར་འཐེན། ཁོ་ཚོ་མར་བསྡས་ནས་ཉ་བཟང་པོ་རྣམས་སྣོད་སྤྱད་ལ་བླུགས་ཞིང་། འོས་འཚམས་མིན་པའི་ཉ་རྣམས་མཚོ་ལ་དབྱུགས། 49 ལམ་ལུགས་འདིའི་མཇུག་སྒྲིལ་ཡང་དེ་བཞིན་ཡིན། ལྷའི་ཕོ་ཉ་རྣམས་ཀྱིས་ཕྱིན་ནས་དྲང་བདེན་གྱི་མི་རྣམས་ཁྲོད་ནས་མི་ངན་རྣམས་ཁ་ཕྲལ་ཏེ། 50 མེ་ཐབ་ནང་དུ་དབྱུག ཁོ་ཚོ་དེར་ངུ་ཞིང་ཨམ་གཙིགས་བསྡམ་རྒྱུ་རེད།

51 “ཁྱེད་ཚོས་འདི་ཚོ་ཚང་མའི་གོ་དོན་ཧ་གོ་སོང་ངམ” ཁོ་ཚོས། “ཧ་གོ་སོང” ཞེས་བཤད། 52 ཡེ་ཤུས། “དེ་ལྟར་ཡིན་ན། ནམ་མཁའི་རྒྱལ་སྲིད་ཀྱི་སྐོར་བསླབ་བྱ་ཐོབ་པའི་སློབ་སྟོན་པ་ཚང་མ་ནི་རང་ཉིད་ཀྱི་བང་མཛོད་ནས་དངོས་པོ་གསར་པ་དང་དངོས་པོ་རྙིང་པ་གཉིས་ཀ་བཏོན་པའི་ཁྱིམ་བདག་ཅིག་དང་འདྲ”ཞེས་བཤད།

53 ཡེ་ཤུས་དཔེ་དེ་ཚོ་བཤད་ཚར་བའི་རྗེས་སུ་ས་ཆ་དེ་ནས་ཐོན། 54 ཁོང་ཕ་ཡུལ་དུ་སླེབས་ནས་ཚོགས་ཁང་ནང་དུ་བསླབས། མི་རྣམས་ཧང་ལས་ནས། “མི་འདི་ལ་འདི་ལྟ་བུའི་ཤེས་རབ་དང་ནུས་མཐུ་ལྡན་པའི་བྱ་བ་བྱེད་པའི་ནུས་ཤུགས་གང་ནས་ཐོབ་བམ། 55 མི་འདི་ཤིང་བཟོ་བའི་བུ་མིན་ནམ། ཁོང་གི་ཨ་མ་ལ་མིར་ཡམ་ཟེར་བ་དང་། གཅུང་པོ་ནི་ཡ་ཀོབ་དང་ཡོ་སེབ། སི་མོན། ཡུ་དཱ་བཅས་རེད། 56 ཁོའི་གཅུང་མོ་ཚོ་ཡང་ང་ཚོ་དང་མཉམ་དུ་ཡོད། འོ་ན་མི་འདི་ལ་དེ་ཚོ་ཚང་མ་གང་ནས་ཐོབ་བམ” ཞེས་བཤད་ནས། 57 མི་རྣམས་ཀྱིས་ཡེ་ཤུ་ལ་ཡིད་ཆེས་མ་བྱས། ཡེ་ཤུས་ཁོ་ཚོར། “སྔོན་ཤེས་པ་ཞིག་ནི་རང་ཉིད་ཀྱི་ཕ་ཡུལ་དང་ཁྱིམ་ལ་མ་གཏོགས་པར་ས་ཆ་གང་སར་བརྩི་འཇོག་འཐོབ” ཅེད་བཤད། 58 མི་རྣམས་ལ་དད་པ་མ་བྱས་པས་ཡེ་ཤུས་ས་ཆ་དེར་ནུས་མཐུ་ལྡན་པའི་བྱ་བ་མང་པོ་མ་བྱས།