མད་ཐཱ་ལེའུ་བཅུ་བཞི་པ།

Matthew 14


1 སྐབས་དེ་དུས་མངའ་སྡེའི་དབང་སྒྱུར་པ་ཧེ་ལོ་དཱ་ཡིས་ཡེ་ཤུའི་སྐོར་ཐོས་ནས་ 2 འཁོར་གཡོག་ལ། “མི་དེ་ཆུ་ལ་སྦངས་སྲོལ་བྱས་མཁན་ཡོ་ཧ་ནན་རེད། ཁོང་སླར་གསོན་པ་རེད། ནུས་མཐུ་ལྡན་པའི་བྱ་བ་དེ་ཚོ་བྱེད་ཐུབ་པའི་རྒྱུ་མཚན་འདི་རེེད” ཅེས་བཤད། 3 དེ་སྔོན་ཧེ་ལོ་དཱ་ཡིས་ཁོའི་གཅེན་པོ་ཕི་ལིབ་ཀྱི་ཆུང་མ་ཧེ་ལོ་དི་ཨཱ་གི་དོན་དུ་ཡོ་ཧ་ནན་འཛིན་བཟུང་བྱས་ནས་བཅིངས་ནས་བཙོན་ཁང་ནང་དུ་བཅུག 4 གང་ཡིན་ཟེར་ན་ཡོ་ཧ་ནན་གྱིས་ཧེ་ལོ་དཱ་ལ། “ཁྱེད་རང་གིས་ཁོ་མོ་མནའ་མར་ལེན་པ་དེ་ཁྲིམས་མཐུན་མིན”ཞེས་ཡང་ཡང་བཤད། 5 ཁོས་ཡོ་ཧ་ནན་གསོད་འདོད་ཡོད་ཀྱང་མང་ཚོགས་ལ་ཞེད། གང་ཡིན་ཟེར་ན་མི་རྣམས་ཀྱིས་ཡོ་ཧ་ནན་སྔོན་ཤེས་པ་ཞིག་ཏུ་བརྩི། 6 འོན་ཀྱང་ཧེ་ལོ་དཱ་གི་སྐྱེ་སྐར་རྟེན་འབྲེལ་བྱེད་སྐབས། ཧེ་ལོ་དི་ཨཱའི་བུ་མོས་དགའ་སྟོན་དུ་ཞབས་བྲོ་བཏབ་ནས་ཧེ་ལོ་དཱ་དགའ་ཚོར་ཆེན་པོ་བྱས་པས། 7 ཧེ་ལོ་དཱ་ཡིས་མནའ་བསྐྱལ་ནས་ཁོ་མོར་གང་དགོས་ནའང་དེ་སྤྲད་དགོས་ཞེས་བཤད། 8 ཁོ་མོས་རང་གི་ཨ་མས་སྐུལ་བ་ལྟར་“ཆུ་ལ་སྦངས་སྲོལ་བྱེད་མཁན་ཡོ་ཧ་ནན་གྱི་མགོ་སྡེར་མའི་སྟེང་དུ་བཞག་ནས་ང་ལ་གནང་དང” ཞེས་ཞུས། 9 རྒྱལ་པོ་སེམས་སྡུག་བྱས་ཀྱང་རང་གིས་མནའ་བསྐྱལ་ཚར་བ་དང་རྟེན་འབྲེལ་གྱི་མགྲོན་པོ་ཡང་དེ་ཐོས་པས། བཀའ་བཏང་ནས་དེ་སྤྲད་དུ་བཅུག 10 རྒྱལ་པོས་མི་བཏང་ནས་བཙོན་ཁང་ནང་དུ་ཡོ་ཧ་ནན་གྱི་སྐེ་བཅད་པ་དང་། 11 མགོ་དེ་སྡེར་མའི་སྟེང་དུ་བཞག་ནས་བུ་མོ་ལ་སྟེར་དུ་བཅུག དེ་ནས་བུ་མོས་དེ་ལེན་ནས་ཨ་མ་ལ་སྤྲད། 12 རྗེས་སུ་ཡོ་ཧ་ནན་གྱི་དགེ་ཕྲུག་རྣམས་ཡོང་ནས་ཕུང་པོ་ལེན་ནས་དུར་སྦས་བྱས། དེ་ནས་ཁོ་ཚོ་ཡོང་ནས་ཡེ་ཤུ་ལ་སྙེན་སེང་ཞུས། 13 ཡེ་ཤུས་དེ་ཐོས་པའི་རྗེས་སུ་གྲུ་ལ་བསྡད་ནས་མིས་སུན་པོ་མ་བཟོ་བའི་ཆེད་དུ་དབེན་གནས་ས་ཆར་ཕྱིན། འོན་ཀྱང་མི་རྣམས་ཀྱིས་དེའི་སྐོར་ཐོས་ནས་གྲོང་ཁྱེར་རྣམས་ནས་ཐོན་ཏེ་རྐང་ཐང་གིས་ས་ཆ་དེར་ཡོང་།

14 ཡེ་ཤུ་མཚོ་འགྲམ་དུ་བབས་ནས་མི་ཚོགས་ཆེན་པོ་མཐོང་སྐབས། ཁོང་སྙིང་རྗེ་སྐྱེས་ནས་ནད་པ་རྣམས་ཀྱི་ན་ཚ་བསལ། 15 དགོང་མོ་རན་སྐབས་དགེ་ཕྲུག་རྣམས་ཡོང་ནས་ཁོང་ལ། “ས་ཆ་འདི་དབེན་གནས་ཡིན་ལ། དུས་ཚོད་ཀྱང་ཕྱི་པོ་རེད། མི་རྣམས་འགྲོ་རུ་བཅུག་དང་། ཁོ་ཚོས་གྲོང་སྡེ་ལ་ཕྱིན་ནས་རང་ཉིད་ཀྱིས་ཟས་རིགས་ཉོ་ཐུབ” ཅེས་བཤད། 16 འོན་ཀྱང་ཡེ་ཤུས་ཁོ་ཚོར། “ཁོ་ཚོ་འགྲོ་མི་དགོས། ཁྱེད་ཚོས་ཁོ་ཚོར་ཟས་རིགས་སྤྲོད་དང” ཞེས་བཤད། 17 དགེ་ཕྲུག་རྣམས་ཀྱིས། “ང་ཚོ་འདིར་བག་ལེབ་ལྔ་དང་ཉ་གཉིས་ལས་གང་ཡང་མེད”ཅེས་བཤད། 18 ཡེ་ཤུས། “དེ་ཚོ་ཚུར་ཁྱེར་ནས་ང་ལ་སྤྲོད་དང་། ཞེས་བཤད་ནས། 19 ཁོང་གིས་མི་ཚོགས་སྤང་ཁའི་སྟེང་དུ་བསྡད་དུ་བཅུག་པ་དང་། བག་ལེབ་ལྔ་དང་ཉ་གཉིས་ལེན་ནས། ནམ་མཁར་ཡར་བལྟས་ནས་སྨོན་ལམ་བརྒྱབ། ཁོང་གིས་བག་ལབ་དུམ་བུར་བཟོས་ནས་དགེ་ཕྲུག་རྣམས་ལ་སྤྲད་པ་དང་། དགེ་ཕྲུག་རྣམས་ཀྱིས་མི་ཚོགས་ལ་སྤྲད། 20 ཁོ་ཚོ་ཚང་མས་བཟས་ནས་གྲོད་ཁོག་རྒྱགས་པ་དང་། ལྷག་མའི་དུམ་བུ་བསྒྲུགས་དུས་གཟེད་མ་བཅུ་གཉིས་ཁེངས། 21 བཟས་མཁན་ལ་སྐྱེས་པ་ལྔ་སྟོང་ལྷག་རྩམ་དང་། ད་དུང་བུད་མེད་དང་ཕྲུ་གུ་ཡང་ཡོད། 22 དེ་ནས་ཡེ་ཤུས་མགྱོགས་པོ་དགེ་ཕྲུག་རྣམས་གྲུ་ལ་བསྡད་དུ་བཅུག་ནས་སྔོན་ལ་ཕར་ངོགས་སུ་བཏང་བ་དང་། ཁོང་གིས་མི་ཚོགས་དེ་ནས་ཁ་བྲལ་དུ་བཅུག

23 མི་ཚོགས་ཁ་བྲལ་དུ་བཅུག་པའི་རྗེས་སུ། ཡེ་ཤུ་གཅིག་པུར་སྨོན་ལམ་རྒྱག་པའི་ཆེད་དུ་རི་ལ་འཛེགས། ཉི་མ་ནུབ་དུས་ཁོང་ད་དུང་དེར་གཅིག་པུ་ཡིན། 24 སྐབས་དེ་དུས་གྲུ་དེ་མཚོ་འགྲམ་ནས་ཐག་ཧ་ཅང་རིང་དུ་ཡོད་ཀྱང་། གྲུ་ཁ་རླུང་ལ་གཏད་ནས་གཏོང་དགོས་པས་གྲུ་དེ་རྦ་རབས་ཀྱིས་འདར་ཡོམ་བྱས་བཞིན་ཡོད། 25 འོན་ཀྱང་ནམ་མ་ལངས་གོང་ཡེ་ཤུ་མཚོ་ངོས་ཀྱི་སྟེང་དུ་གོམ་པ་བརྒྱབ་ནས་དགེ་ཕྲུག་རྣམས་ཀྱི་ཕྱོགས་སུ་ཡོང་། 26 དགེ་ཕྲུག་རྣམས་ཡེ་ཤུ་མཚོ་ངོས་ཀྱི་སྟེང་དུ་གོམ་པ་རྒྱག་པ་མཐོང་མ་ཐག་དངངས་སྐྲག་སྐྱེས་ནས་ “འདི་འཁྲུལ་སྣང་རེད” ཅེས་བཤད། ཁོ་ཚོས་ཞེད་སྣང་སྐྱེས་ནས་སྐད་བརྒྱབ། 27 ཡེ་ཤུས་འཕྲལ་དུ་ཁོ་ཚོར། “བློ་བདེ་པོ་བྱེད་དང་། ང་ཡིན། ཞེད་མི་དགོས” ཞེས་བཤད། 28 པེ་ཏྲོས་ཁོང་ལ། “གཙོ་བོ་ལགས། གལ་སྲིད་ཁྱེད་རང་ཡིན་ན་ང་ལ་མཚོ་ངོས་ཀྱི་སྟེང་དུ་གོམ་པ་བརྒྱབ་ནས་ཚུར་ཤོག་ཅེས་བཀའ་གནང་དང” ཞེས་བཤད། 29 ཡེ་ཤུས་ “ཤོག་དང” ཞེས་བཤད་པས། པེ་ཏྲོ་གྲུ་ནས་བབས་ཏེ་མཚོའི་སྟེང་དུ་གོམ་པ་བརྒྱབ་ནས་ཡེ་ཤུའི་ཕྱོགས་སུ་ཕྱིན། 30 འོན་ཀྱང་རླུང་འཚུབ་ལ་བལྟས་ནས་ཞེད་སྣང་སྐྱེས། པེ་ཏྲོ་ཆུའི་ནང་དུ་ནུབ་འགྲོ་སྐབས་སྐད་བརྒྱབ་ནས། “གཙོ་བོ་ལགས། ང་སྐྱབས་དང” ཞེས་བཤད། 31 ཡེ་ཤུས་འཕྲལ་དུ་ལག་པ་བརྐྱངས་ནས་པེ་ཏྲོ་བཟུང་ནས། “ཡིད་ཆེས་ཆུང་བའི་མི་ཁྱེད། ཐེ་ཚོམ་བྱས་པ་གང་ཡིན” ཞེས་བཤད། 32 ཁོང་གཉིས་གྲུའི་སྟང་དུ་བསྡད་པའི་རྗེས་སུ་རླུང་འཚུབ་ཞི་བ་རེད། 33 གྲུའི་ནང་ལ་ཡོད་མཁན་ཚང་མ་ཁོང་ལ་གུས་བཀུར་ཞུས་ནས། “ཁྱེད་རང་དངོས་གནས་དཀོན་མཆོག་གི་སྲས་ཡིན” ཞེས་བཤད། 34 དེ་ནས་ཁོང་ཚོ་མཚོ་བརྒལ་ནས་གེན་ནེ་སཱ་རེལ་ཞེས་པའི་ས་ཆར་སླེབས།

35 ས་ཆ་དེའི་མི་རྣམས་ཀྱིས་ཡེ་ཤུ་ངོ་ཤེས་མ་ཐག་ཉེ་འཁོར་གྱི་ས་ཆ་ཡོངས་སུ་བརྡ་བཏང་བས། མི་རྣམས་ཀྱིས་ནད་པ་ཚང་མ་ཁོང་གི་མདུན་དུ་ཁྲིད། 36 ཁོ་ཚོས་ཡེ་ཤུ་ལ་ཁོང་གི་ཕྱི་གོས་ཀྱི་མཐའ་འཛར་ལ་རེག་ཙམ་བྱེད་དུ་བཅུག་དང་ཞེས་ཞུ་བ་འཐེན་པ་དང་། དེར་རེག་མཁན་ཚང་མའི་ན་ཚ་རྦད་དེ་དྲག་སོང་།