མད་ཐཱ་ལེའུ་བཅོ་ལྔ་པ།
Matthew 15
1 དེའི་དུས་སུ་གྲོང་ཁྱེར་ཡེ་རུ་ཤཱ་ལེམ་ནས་ཕཱ་རུ་སི་ཤོག་ཁག་དང་བཀའ་ཁྲིམས་མཁས་པ་རྣམས་ཡོང་ནས་ཡེ་ཤུ་ལ། 2 “ཁྱེད་རང་གི་དགེ་ཕྲུག་རྣམས་མེས་པོའི་སྲོལ་རྒྱུན་དང་འགལ་བ་གང་ཡིན། དཔེར་ན་ཁ་ལག་མ་བཟས་སྔོན་ཁོ་ཚོས་ལག་པ་མི་འཁྲུད” ཅེས་བཤད།
3 ཡེ་ཤུས་ལན་དུ། “ཁྱེད་ཚོ་ཡང་རང་ཉིད་ཀྱི་སྲོལ་རྒྱུན་གྱི་རྐྱེན་གྱིས་དཀོན་མཆོག་གི་བཀའ་དང་འགལ་བ་གང་ཡིན། 4 དཔེར་ན། དཀོན་མཆོག་གིས། 'ཁྱོད་ཀྱི་ཕ་མ་ལ་བརྩི་བཀུར་བྱེད་དགོས' ཡང་། 'ཕ་མ་ལ་དམའ་འབེབས་གཏོང་མཁན་སྲོག་ཐོག་གཏང་དགོས ཞེས་གསུངས་ཀྱང་། 5 ཁྱེད་ཚོས། 'མི་ཞིག་གིས་རང་གི་ཕ་མ་ལ། “ང་ལ་ཡོད་པའི་དངོས་པོས་ཁྱེད་ཚོར་ཕན་ཐོགས་སྲིད་ཀྱང་དེ་ཚོ་དཀོན་མཆོག་ལ་ཕུལ་ཟིན་པའི་འབུལ་བ་ཡིན” ཞེས་བཤད་ན། 6 མི་དེས་རྩ་བ་ནས་ཕ་མ་ལ་བརྩི་བཀུར་ཞུ་མི་དགོས' ཞེས་ཟེར། ཁྱེད་ཚོས་རང་གི་སྲོལ་རྒྱུན་གྱི་རྐྱེན་གྱིས་དཀོན་མཆོག་གི་བཀའ་དོན་མེད་བཟོ་གི་འདུག 7 ཟོལ་སྦྱོར་བྱེད་མཁན་ཁྱོད་ཚོ། ཡེ་ཤ་ཡཱས་ཁྱོད་ཚོའི་སྐོར་རྟག་རྟག་སྔོན་བཤད་བཤད་ཡོད། 8 'མི་སེར་འདིས་ངག་ཐོག་ནས་ང་ལ་བརྩི་བཀུར་བྱེད་ཀྱང་ཁོ་ཚོའི་སེམས་ནི་ང་དང་ཐག་རིང་པོར་བྲལ་བས། 9 ཁོ་ཚོས་ང་ལ་མུ་མཐུད་དད་བཀུར་ཞུས་ནའང་ཕན་ཐོགས་མེད། གང་ཡིན་ཟེར་ན་ཁོ་ཚོས་མིས་བཟོས་པའི་སྒྲིག་ལམ་དཀོན་མཆོག་གི་བཀའ་ལྟར་སློབ་སྟོན་བྱེད'” ཅེས་བཤད། 10 དེ་ནས་ཡེ་ཤུས་མི་ཚོགས་ཁོང་གི་རྩར་བོས་ནས། “ཁྱེད་ཚོ་ཉན་ནས་གོ་བ་ལེན་དགོས། 11 མིའི་ཁ་ནང་དུ་འཛུལ་བ་དེས་རང་ཉིད་བཙོག་པ་བཟོ་མི་སྲིད། མིའི་ཁ་ནས་འཐོན་པ་དེས་རང་ཉིད་བཙོག་པ་བཟོ་སྲིད” ཅེས་བཤད།
12 རྗེས་སུ་དགེ་ཕྲུག་རྣམས་ཡོང་ནས་ཡེ་ཤུ་ལ། “ཁྱེད་རང་གིས་གསུངས་པ་ཐོས་ནས་ཕཱ་རི་སི་ཤོག་ཁག་གི་མིས་ཚིག་པ་ཟ་བ་ཤེས་སམ” ཞེས་དྲིས། 13 ཁོང་གིས་ལན་དུ། “ནམ་མཁའི་ངའི་ཡབ་ཀྱིས་མ་བཏབ་པའི་རྩི་ཤིང་ཚང་མ་རྩ་བ་ནས་འགོག་རྒྱུ་རེད། 14 ཁོ་ཚོར་ཇུས་གཏོགས་བྱེད་མི་དགོས། ཁོ་ཚོ་མིག་ལོང་བའི་ལམ་འཁྲིད་མཁན་ཡིན། གལ་སྲིད་ལོང་བས་ལོང་བ་ལམ་ཁྲིད་ན་གཉིས་ཀ་ས་དོང་ལ་ལྷུང་གི་རེད” ཅེས་བཤད། 15 པེ་ཏྲོ་ཡིས་ “ད་གིན་གྱི་དཔེ་དེའི་འགྲེལ་བཤད་གནང་དང” ཞེས་བཤད། 16 ཡེ་ཤུས་ ཁྱེད་ཚོ་ད་དུང་ཧ་གོ་མ་སོང་ངམ། 17 ཁ་ནང་དུ་འཛུལ་བའི་དངོས་པོ་ཚང་མ་གྲོད་པ་བརྒྱུད་ནས་གསང་སྤྱོད་དུ་ཕྱིར་འཐོན་པ་མི་ཤེས་སམ། 18 ཡིན་ན་ཡང་ཁ་ནས་འཐོན་པའི་དོན་དག་ཚང་མ་སེམས་ནང་ནས་འཐོན་པས། དེ་དག་གིས་རང་ཉིད་བཙོག་པ་བཟོ་སྲིད། 19 དཔེར་ན་སེམས་ནང་ནས་བསམ་བློ་ངན་པ་འཐོན། མིས་དེའི་རྐྱེན་གྱིས་མི་གསོད་པ་དང་། ཕོ་མོ་འགབ་མཐུན། ཚུལ་མིན་འཁྲིག་སྤྱོད། རྐུན་མ། དཔང་པོ་རྫུན་མ། དཀོན་མཆོག་ལ་དམའ་འབེབས་གཏོང་བ་བཅས་བྱེད་སྲིད། 20 དེ་དག་གིས་རང་ཉིད་བཙོག་པ་བཟོ་སྲིད། ཡིན་ན་ཡང་བཀྲུས་མེད་པའི་ལག་པས་ཁ་ལག་བཟས་ནའང་རང་ཉིད་བཙོག་པ་བཟོ་མི་སྲིད་” ཞེས་བཤད།
21 ཡེ་ཤུ་ས་ཆ་དེ་དང་ཁ་བྲལ་ནས་ཐཱ་ཨེར་དང་ཚི་དོན་གྱི་ས་ཁོངས་སུ་སླེབས། 22 ཡུལ་དེའི་བུད་མེད་ཅིག་ཡོང་ནས་སྐད་ཆེན་པོས། “ཀྱེ་གཙོ་བོ་ལགས། དཱ་བིད་ཀྱི་སྲས། ང་ལ་ཐུགས་རྗེ་གཟིགས། ངའི་བུ་མོ་ལྷའི་ཕོ་ཉ་ངན་པས་ཟིན་ནས་སྡུག་པོ་ཞེ་སྐྲག་འདུག” ཅེས་བཤད། 23 འོན་ཀྱང་ཡེ་ཤུས་ཚིག་གཅིག་ཀྱང་ལན་མ་བརྒྱབ། དགེ་ཕྲུག་རྣམས་ཡོང་ནས་ཡེ་ཤུ་ལ། “ཁོ་མོ་ཕར་གཏང་དང་། ཁོ་མོ་ང་ཚོའི་རྒྱབ་ལོགས་ནས་རྒྱུན་ཆད་མེད་པར་སྐད་རྒྱག་གི་འདུག” ཅེས་བཤད། 24 ཁོང་གིས། “ང་ཨི་སི་རེལ་མི་རིགས་ཀྱི་ལམ་ཤོར་བའི་ལུག་རྣམས་ཁོ་ནར་མངགས་ཡོད” ཅེས་བཤད། 25 འོན་ཀྱང་བུད་མེད་དེས་ཁོང་ལ་གུས་ཕྱག་ཕུལ་ནས། “གཙོ་བོ་ལགས། ང་ལ་རོགས་པ་གནང་དང” ཞེས་བཤད། 26 ཁོང་གིས་ལན་དུ། “ཕྲུ་གུ་ཚོའི་བག་ལེབ་ལེན་ནས་ཁྱི་ཕྲུག་ལ་སྟེར་ན་འཚམ་པོ་མིན་” ཞེས་བཤད། 27 ཁོ་མོས། “ལགས་སོ། གཙོ་བོ་ལགས། ཡིན་ན་ཡང་ཁྱི་ཕྲུག་ཀྱང་བདག་པོའི་ལྕོག་ཙེའི་སྟེང་ནས་ཟགས་པའི་བག་ལེབ་ཞིབ་ཧྲུག་ཟ་གི་རེད” ཅེས་བཤད་པས། 28 ཡེ་ཤུས། “ཁྱེད་རང་གི་དད་སེམས་དངོས་གནས་ཆེན་པོ་འདུག ཁྱེད་རང་གི་རེ་བ་ལྟར་འགྲུབ་པར་ཤོག” ཅེས་བཤད་པ་དང་། ཁོ་མོའི་བུ་མོ་དུས་ཚོད་དེ་ཐོག་ཏུ་དྲག་སོང་།
29 ཡེ་ཤུ་ས་ཆ་དེ་ནས་ཀཱ་ལི་ལི་མཚོ་དང་ཐག་ཉེ་བའི་ས་ཆར་ཕྱིན་པ་དང་། རི་བོར་འཛེགས་ནས་དེར་བསྡད། 30 སྐབས་དེར་མི་ཚོགས་ཆེན་པོ་ཞིག་ཁོང་གི་མདུན་དུ་ཡོང་། ཁོ་ཚོས་རྐང་པ་ཞ་མཁན་དང་དབང་པོ་སྐྱོན་ཅན། མིག་ལོང་མཁན། ལྐུགས་པ་དང་ནད་པ་གཞན་དག་བཅས་མང་པོ་ཁྲིད་ནས་ཡེ་ཤུའི་མདུན་དུ་བཞག་པ་དང་། ཡེ་ཤུས་ཁོ་ཚོའི་ནད་བསལ། 31 མི་ཚོགས་ཀྱིས་ལྐུགས་པ་རྣམས་སྐད་ཆ་བཤད་པ་དང་དབང་པོ་སྐྱོན་ཅན་བདེ་ཐང་ཡོང་བ། རྐང་པ་ཞ་མཁན་གོམ་པ་རྒྱག་པ་དང་ལོང་བ་རྣམས་མཐོང་ཐུབ་པར་གྱུར་བ་མཐོང་བས་ཧ་ལས་ནས་ཨི་སི་རེལ་གྱི་དཀོན་མཆོག་ལ་བསྟོད་བསྔགས་བཏང་།
32 ཡེ་ཤུས་དགེ་ཕྲུག་རྣམས་བོས་ནས་ཁོ་ཚོར། “ང་མི་ཚོགས་འདི་ལ་སྙིང་རྗེ་གི་འདུག ཁོ་ཚོ་ང་དང་མཉམ་དུ་ཉི་མ་གསུམ་བསྡད་ནས་ཟས་རིགས་རྗོགས་སོང་། ངས་ཁོ་ཚོ་གྲོད་ཁོག་ལྟོགས་བཞིན་དུ་ཕར་གཏང་འདོད་མེད། ཁོ་ཚོ་ལམ་བར་དུ་ལུས་ཤུགས་ཟད་ནས་བརྒྱལ་སྲིད” 33 འོན་ཀྱང་དགེ་ཕྲུག་རྣམས་ཀྱིས་ཁོང་ལ། “དབེན་གནས་ས་ཆ་འདིར་མི་ཚོགས་ཆེན་པོ་འདི་ལྟ་བུར་འདང་བའི་བག་ལེབ་གང་ནས་རྙེད་ཐུབ་བམ” ཞེས་བཤད། 34 ཡེ་ཤུས་ཁོ་ཚོར། “ཁྱེད་ཚོར་བག་ལེབ་ག་ཚོད་ཡོད”ཅེས་དྲིས། ཁོ་ཚོས། “བདུན་ཡོད། ད་དུང་ཉ་ཆུང་ཆུང་ཁ་ཤས་ཡང་འདུག” ཅེས་བཤད། 35 ཡེ་ཤུས་མི་ཚོགས་ས་སྟེང་དུ་མར་བསྡད་དུ་བཅུག་པ་དང་། 36 བག་ལེབ་བདུན་དང་ཉ་ཁ་ཤས་ལེན་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་པའི་རྗེས་སུ། དེ་ཚོ་དུམ་བུར་བཟོས་ནས་དགེ་ཕྲུག་རྣམས་ལ་སྤྲད། དེ་ནས་དགེ་ཕྲུག་རྣམས་ཀྱིས་མི་ཚོགས་ལ་སྤྲད། 37 མི་ཚང་མས་བཟས་ནས་གྲོད་ཁོག་རྒྱགས་པ་དང་། ལྷག་མའི་དུམ་བུ་བསྒྲུགས་ནས་སླེལ་པོ་བདུན་ཁེངས། 38 བཟས་མཁན་ལ་སྐྱེས་པ་བཞི་སྟོང་དང་། ད་དུང་བུད་མེད་དང་ཕྲུ་གུ་ཡང་ཡོད། 39 ཡེ་ཤུས་མི་ཚོགས་དེ་ནས་ཁ་བྲལ་དུ་བཅུག་པའི་རྗེས་སུ་གྲུ་ལ་བསྡད་ནས་མཱ་ག་དན་ས་ཁུལ་དུ་འཛུལ།



