མད་ཐཱ་ལེའུ་བཅུ་དྲུག་པ།

Matthew 16


1  དེར་ཤོག་ཁག་ཕ་རུ་སི་པ་དང་ཤོག་ཁག་སཱ་དུ་སི་པའི་མི་རྣམས་ཡེ་ཤུའི་འཁྲིས་སུ་ཡོང་། ཡེ་ཤུ་ལ་ཉམས་ཚོད་ལེན་པའི་ཆེད་དུ་ཁོ་ཚོས་ཁོང་ལ་ནམ་མཁའ་ནས་དཔང་རྟགས་ཤིག་བསྟན་རོགས་ཞེས་ཞུས། 2 ཡེ་ཤུས་ལན་དུ། “ཁྱེད་ཚོས་དགོང་མོ་སླེབས་དུས་'གནམ་མེ་ལྟར་དམར་པོ་ཡོད་པས་སང་ཉིན་གནམ་དྭངས་ཀྱི་རེད' ཅེས་བཤད། 3 ཡང་ཞོགས་པར། 'གནམ་མེ་ལྟར་དམར་པོ་ཡོད་ཀྱང་གྲིབས་འདུག དེ་རིང་གྲངས་མོ་ཡོང་ལ་ཆར་པ་འབབ་ཀྱི་རེད།' ཅེས་བཤད། ཁྱེད་ཚོས་གནམ་གཤིས་ཀྱི་སྐོར་འགྲེལ་བཤད་རྒྱག་ཐུབ་ཀྱང་། དུས་རབས་ཀྱི་རྟགས་ལ་འགྲེལ་བཤད་རྒྱག་མི་ཐུབ། 4 དཀོན་མཆོག་ལ་ལྷག་བསམ་མེད་པའི་མི་རབས་ངན་པ་འདིས་དཔང་རྟགས་ལྟ་འདོད་ཆེན་པོ་བྱེད་ཀྱང་། ཡོ་ནཱ་ཡི་དཔང་རྟགས་མ་གཏོགས་གང་ཡང་མི་འཐོབ” དེ་ནས་ཡེ་ཤུས་ཁོ་ཚོ་དེར་བཞག་ནས་ཕྱིན།

5 དགེ་ཕྲུག་རྣམས་མཚོའི་ཕར་ངོགས་སུ་སླེབས་ཚར་ཡང་། བག་ལེབ་ཁྱེར་བ་བརྗེད། 6 ཡེ་ཤུས་ཁོ་ཚོར། “གཟབ་གཟབ་བྱས་ནས་ཕཱ་རི་སི་ཤོག་ཁག་དང་སཱ་དུ་སི་ཤོག་ཁག་གི་སྐྱུར་རྩི་ལ་དོག་ཟོན་བྱེད་དགོས” ཞེས་བཤད། 7 ཁོ་ཚོས་ཕན་ཚུན་གྲོས་བསྡུར་བྱས་ནས། “ང་ཚོ་བག་ལེབ་ཁྱེར་མེད་པའི་སྐོར་གསུངས་མེད་འགྲོ” ཞེས་བཤད། 8 ཡེ་ཤུས་ཁོ་ཚོའི་སྐད་ཆ་དེ་ཤེས་ནས་ཁོ་ཚོར། “དད་སེམས་ཆུང་བའི་མི་རྣམས། བག་ལེབ་མེད་པའི་སྐོར་ཕན་ཚུན་གྲོས་བསྡུར་བྱེད་པ་གང་ཡིན། 9 ཁྱེད་ཚོ་ད་དུང་ཧ་གོ་མ་སོང་ངམ། མི་ལྔ་སྟོང་ལ་བག་ལེབ་ལྔ་བགོས་དུས་གཟེད་མ་ག་ཚོད་ལ་ལྷག་མ་བསྡུས་པ་བརྗེད་སོང་ངམ། 10 ད་དུང་མི་བཞི་སྟོང་ལ་བག་ལེབ་བདུན་བགོས་ནས་ལྷག་མ་སླེལ་པོ་ག་ཚོད་ལ་བསྡུས་སམ། 11 ངས་བག་ལེབ་ཀྱི་སྐོར་བཤད་མེད་པ་ཧ་མ་གོ་བ་གང་ཡིན། ཁྱེད་ཚོ་ཕཱ་རི་སི་ཤོག་ཁག་དང་སཱ་དུ་སི་ཤོག་ཁག་གི་སྐྱུར་རྩི་ལ་དོག་ཟོན་བྱེད་དགོས” ཞེས་བཤད། 12 སྐབས་དེར་ཁོ་ཚོས་ཡེ་ཤུས་བཤད་པ་ནི་བག་ལེབ་ཀྱི་སྐྱུར་རྩི་མ་ཡིན་པར་ཕཱ་རི་སི་ཤོག་ཁག་དང་སཱ་དུ་སི་ཤོག་ཁག་གི་བསླབ་བྱ་ལ་དོག་ཟོན་བྱེད་དགོས་པ་དེ་ཡིན་པ་ཤེས་སོང་།

13 ཡེ་ཤུ་གྲོང་ཁྱེར་ཀེ་སར་ཡཱ་ཕི་ལིབ་པིའི་ས་ཁུལ་དུ་སླེབས་དུས། ཁོང་གིས་དགེ་ཕྲུག་རྣམས་ལ་དྲིས་པར། “མི་རྣམས་ཀྱིས་མིའི་བུ་སུ་ཡིན་ཟེར་གྱི་འདུག” 14 ཁོ་ཚོས་བཤད། “མི་ཁ་ཤས་ཀྱིས་ཆུ་ལ་སྦངས་སྲོལ་བྱེད་མཁན་ཡོ་ཧ་ནན། མི་ཁ་ཤས་ཀྱིས་ཨེ་ལི་ཡཱ། མི་གཞན་དག་ཞིག་གིས་ཡེ་རམ་ཡཱ་ཡང་ན་སྔོན་ཤེས་པ་ནང་ནས་གཅིག་ཡིན་ཟེར” 15 ཡེ་ཤུས་ཁོ་ཚོར། “འོ་ན་ཁྱེད་ཚོས་བྱས་ན་ང་སུ་ཡིན་ཟེར” 16 སི་མོན་པེ་ཏྲོས་ལན་དུ། “ཁྱེད་རང་ནི་ཁི་རི་སི་ཐོ། གཏན་དུ་གསོན་པའི་དཀོན་མཆོག་གི་སྲས་ཡིན”ཞེས་བཤད། 17 ཡེ་ཤུས་ཁོ་ལ། “ཡོ་ནཱ་ཡི་བུ་སི་མོན། ཁྱེད་ལ་བདེ་སྐྱིད་འདུག གང་ཡིན་ཟེར་ན་ཤ་ཁྲག་གི་མི་ཡིས་ཁྱེད་ལ་དེ་ཤེས་སུ་བཅུག་པ་མིན་ཏེ་ནམ་མཁར་བཞུགས་པའི་ངའི་ཡབ་ཀྱིས་ཤེས་སུ་བཅུག་པ་ཡིན། 18 “ཡང་ངས་ཁྱེད་ལ་ཟེར། ཁྱེད་རང་པེ་ཏྲོ་ཡིན། ངས་བྲག་འདིའི་སྟེང་དུ་ངའི་ཆོས་ཚོགས་བརྩིགས། དུར་སའི་སྒོ་རྣམས་ཀྱིས་ཆོས་ཚོགས་དེ་བཀག་སྐྱིལ་བྱེད་མི་ཐུབ། 19 ངས་ཁྱེད་ལ་ནམ་མཁའི་རྒྱལ་སྲིད་ཀྱི་སྡེ་མིག་རྣམས་སྤྲོད་དགོས། ཁྱེད་ཀྱིས་ས་སྟེང་དུ་བཅིངས་པ་ཚང་མ་ནམ་མཁའི་སྟེང་དུ་བཅིངས་ཚར། ཁྱེད་ཀྱིས་ས་སྟེང་དུ་གློད་པ་ཚང་མ་ནམ་མཁའི་སྟེང་དུ་གློད་ཚར” ཞེས་བཤད། 20 དེ་ནས་ཡེ་ཤུས་དགེ་ཕྲུག་རྣམས་ལ་ཁོང་ཁི་རི་སི་ཐོ་ཡིན་པ་སུ་ཞིག་ལ་ཡང་ཟེར་མི་ཆོག་ཅེས་ནན་ཏན་གྱིས་བཀའ་བཀོད།

21 སྐབས་དེ་ནས་བཟུང་ཡེ་ཤུས་དགེ་ཕྲུག་རྣམས་ལ་ཁོང་ངེས་པར་དུ་གྲོང་ཁྱེར་ཡེ་རུ་ཤཱ་ལེམ་དུ་འགྲོ་དགོས་པ་དང་། རྒན་རབས་དང་མཆོད་དཔོན་གཙོ་བོ་རྣམས་དང་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་ཁོང་ལ་མནར་གཅོད་མང་པོ་གཏང་ནས་གསོད་རྒྱུ་དང་། ཉིན་གསུམ་པར་སླར་གསོན་རྒྱུ་བཅས་འགྲེལ་བཤད་བྱེད་པ་འགོ་བཙུགས། 22 སྐབས་དེར་པེ་ཏྲོས་ཡེ་ཤུ་ཟུར་དུ་ཁྲིད་ནས་ཁོང་ལ་བསླབ་བྱ་བརྒྱབ་ནས་བཤད། “གཙོ་བོ་ལགས། རང་ཉིད་ལ་གཅེས་སྤྲས་གནང་དང་། ཁྱེད་རང་ལ་གནས་ཚུལ་དེ་འདྲ་རྩ་བ་ནས་འབྱུང་མི་སྲིད” ཅེས་བཤད། 23 འོན་ཀྱང་ཡེ་ཤུས་པེ་ཏྲོ་ལ་རྒྱབ་བསྟན་ནས་ཁོ་ལ། “སཱ་ཏན། ངའི་རྒྱབ་ལ་རྒྱུགས། ཁྱེད་ནི་ངའི་བཀག་རྡོ་ཡིན། ཁྱེད་ཀྱིས་སེམས་ལ་འཆང་བ་ནི་དཀོན་མཆོག་གི་དགོངས་པ་མ་ཡིན་པར་མིའི་བསམ་འཆར་ཡིན”ཞེས་བཤད།

24 དེ་ནས་ཡེ་ཤུས་ཁོང་གི་དགེ་ཕྲུག་རྣམས་ལ། “སུ་ཞིག་ངའི་རྗེས་སུ་འབྲང་འདོད་ན། མི་དེས་རང་ཉིད་རང་ལ་མི་བདག་པ་ཁས་ལེན་དགོས་ལ། རང་གི་མནར་གཅོད་ཀྱི་ཀ་བ་ཁུར་ནས་རྒྱུན་ཆད་མེད་པར་ངའི་རྗེས་སུ་འབྲང་དགོས། 25 སུ་ཞིག་གིས་རང་སྲོག་སྐྱོབ་འདོད་ན་མི་དེས་ཚེ་སྲོག་ཤོར། འོན་ཀྱང་ངའི་ཆེད་དུ་རང་སྲོག་ཤོར་མཁན་ལ་ཚེ་སྲོག་འཐོབ། 26 གལ་སྲིད་མི་ཞིག་ལ་འཛམ་གླིང་ཧྲིལ་པོ་ཐོབ་ན་ཡང་རང་ཉིད་གི་ཚེ་སྲོག་ཤོར་ན་ཕན་ཐོགས་གང་ཡོད། ཡང་མི་ཞིག་གིས་ཚེ་སྲོག་གི་ཚབ་དུ་གང་སྤྲོད་ཐུབ། 27 མིའི་བུ་ཁོང་གི་ཡབ་ཀྱི་གཟི་བརྗིད་ནང་དུ་ལྷའི་ཕོ་ཉ་ཁྲིད་ནས་སླེབ་སྐབས། ཁོང་གིས་མི་རེ་རེའི་བྱ་སྤྱོད་ལ་གཞིགས་ནས་ལན་འཇལ། 28 ངས་ཁྱེད་ཚོར་བདེན་པ་ཟེར། འདིར་ལངས་ཡོད་པའི་མི་ནང་ནས་ཁག་གཅིག་ནི་ཁོང་ཚོ་མ་གྲོངས་སྔོན་ལ་མིའི་བུ་ཁོང་གི་རྒྱལ་སྲིད་ནང་དུ་སླེབ་པ་མཐོང་ཡོང” ཞེས་བཤད།