མད་ཐཱ་ལེའུ་བཅུ་བདུན་པ།
Matthew 17
1 ཉི་མ་དྲུག་ཕྱིན་པའི་རྗེས་སུ་ཡེ་ཤུས་པེ་ཏྲོ་དང་ཡཱ་ཀོབ་དང་ཡཱ་ཀོབ་ཀྱི་བུ་སྤུན་ཡོ་ཧ་ནན་ཁོ་ན་ཁྲིད་ནས་རི་བོ་མཐོ་པོ་ཞིག་ཏུ་འཛེགས། 2 དེར་ཁོ་ཚོའི་མདུན་དུ་ཡེ་ཤུའི་གཟུགས་པོའི་རྣམ་པ་འགྱུར། ཁོང་གི་གདོང་ཉི་མ་ལྟར་འོད་འཕྲོ་བ་དང་། ཁོང་གི་ཕྱི་གོས་འོད་ལྟར་དཀར་གསལ་བྱུང་། 3 ད་དུང་མོ་ཤེ་དང་ཨེ་ལི་ཡཱ་ཁོང་ཚོའི་མདུན་དུ་མངོན་ནས་ཡེ་ཤུ་དང་མཉམ་དུ་གླེང་མོལ་བྱས། 4 སྐབས་དེར་པེ་ཏྲོས་ཡེ་ཤུ་ལ་བཤད། “གཙོ་བོ་ལགས། ང་ཚོ་འདིར་ཡོད་པ་དངོས་གནས་ཡག་པོ་འདུག གལ་སྲིད་ཁྱེད་རང་མོས་མཐུན་ཡོད་ན་ངས་འདིར་གུར་གསུམ་བསླངས་དགོས། གཅིག་ཁྱེད་རང་གི་ཆེད་དུ། གཅིག་མོ་ཤེ་དང་གཅིག་ཨེ་ལི་ཡཱའི་ཆེད་དུ་ཡིན” 5 ཁོས་ད་དུང་སྐད་ཆ་བཤད་བཞིན་པའི་སྐབས་སུ་གློ་བུར་དུ་སྤྲིན་པ་དཀར་གསལ་ཞིག་ཁོ་ཚོའི་སྟེང་དུ་བབ་པ་དང་། སྤྲིན་པའི་ནང་ནས་སྒྲ་ཞིག་གིས་ “འདི་ནི་ངའི་བརྩེ་བའི་བུ། ང་ལ་དགའ་སྤྲོ་སྐྱེད་མཁན་ཡིན། ཁོང་གི་བཀའ་ལ་ཉོན་ཞིག” ཅེས་བཤད། 6 དེ་ཐོས་ནས་དགེ་ཕྲུག་རྣམས་གདོང་ས་ལ་མར་གཏད་ནས་ཞེད་སྣང་ཆེན་པོ་སྐྱེས། 7 ཡེ་ཤུ་ཁོ་ཚོའི་རྩར་ཡོང་ནས་ཁོ་ཚོར་རེག་སྟེ། “ཡར་ལོངས་ཤིག ཞེད་མི་དགོས” ཞེས་བཤད། 8 ཁོ་ཚོ་མགོ་བཀྱགས་ནས་བལྟས་སྐབས་ཡེ་ཤུ་མ་གཏོགས་སུ་ཡང་མཐོང་མ་ཐུབ། 9 ཁོང་ཚོ་རི་བོ་ལས་མར་བབ་སྐབས་ཡེ་ཤུས་ཁོ་ཚོར། “མིའི་བུ་གྲོངས་ནས་སླར་མ་གསོན་གོང་སྣང་ཚུལ་འདིའི་སྐོར་སུ་ལ་ཡང་བཤད་མི་ཆོག”ཅེས་བཀའ་བཀོད།
10 དགེ་ཕྲུག་རྣམས་ཀྱིས་ཡེ་ཤུ་ལ། “བཀའ་ཁྲིམས་མཁས་པ་རྣམས་ཀྱིས་སྔོན་ལ་ཨེ་ལི་ཡཱ་ཡོང་དགོས་རེད་ཅེས་ཟེར་བ་གང་ཡིན” ཞེས་དྲིས། 11 ཡེ་ཤུས་ལན་དུ། “ཨེ་ལི་ཡཱ་གཏན་འཁེལ་ཡོང་ནས་ཐམས་ཅད་ཉམས་གསོ་ངེས་ཡིན། 12 འོན་ཀྱང་ངས་ཁྱེད་ཚོར་བདེན་པ་ཟེར། དོན་དངོས་ཐོག་ཨེ་ལི་ཡཱ་སླེབས་ཚར། ཡིན་ན་ཡང་ཁོ་ཚོས་ཁོང་ངོ་མ་ཆོད་པ་མ་ཟད་ད་དུང་ཁོང་ལ་རང་འདོད་ལྟར་བྱས་པ་རེད། མིའི་བུ་ཡང་དེ་བཞིན་དུ་ཁོ་ཚོའི་ལག་འོག་ཏུ་སྡུག་བསྔལ་མྱང་ངེས་ཡིན” ཞེས་བཤད། 13 སྐབས་དེར་དགེ་ཕྲུག་རྣམས་ཡེ་ཤུས་བཤད་པ་དེ་ཆུ་ལ་སྦངས་སྲོལ་བྱས་མཁན་ཡོ་ཧ་ནན་གྱི་སྐོར་ཡིན་པ་ཧ་གོ་བ་རེད།
14 ཁོང་ཚོ་མང་ཚོགས་ཡོད་ས་ལ་ཡོང་སྐབས། སྐྱེས་པ་ཞིག་གིས་ཡེ་ཤུའི་མདུན་དུ་ཡོང་ནས་པུས་མོ་ས་ལ་བཙུག་ནས་ཁོང་ལ་བཤད། 15 “གཙོ་བོ་ལགས། ངའི་བུ་ལ་ཐུགས་རྗེ་གཟིགས། ཁོ་ལ་གཟའ་ནད་ཕོག་ནས་ནད་གཞི་ལྕི་པོ་འདུག རྟག་པར་མེའི་ནང་དུ་འགྱེལ་གྱི་འདུག་ལ་ཆུའི་ནང་དུ་ལྷུང་གི་འདུག 16 ངས་ཁྱེད་རང་གི་དགེ་ཕྲུག་རྣམས་ཀྱི་མདུན་དུ་བུ་ཁྲིད་ཡོང་ཡང་ཁོང་ཚོས་ན་ཚ་དེ་བསལ་ཐུབ་མ་སོང” 17 ཡེ་ཤུས་ལན་དུ། “དད་སེམས་ཆུང་ཞིང་སེམས་དྲང་པོ་མིན་པའི་མི་རབས་འདི། ང་ག་དུས་བར་དུ་ཁྱེད་ཚོ་དང་མཉམ་དུ་གནས་དགོས་སམ། ག་དུས་བར་དུ་ཁྱེད་ཚོར་བཟོད་སྒོམ་བྱེད་དགོས་སམ། བུ་འདིར་ཁྲིད་ཤོག” ཅེས་བཤད། 18 ཡེ་ཤུ་ལྷའི་ཕོ་ཉ་ངན་པར་ཁ་རྡུང་བཏང་བས་ལྷའི་ཕོ་ཉ་ངན་པ་དེ་བུ་ནས་ཐོན། སྐབས་དེར་ཁོའི་ན་ཚ་དྲག་སོང་། 19 རྗེས་སུ་དགེ་ཕྲུག་རྣམས་སྒེར་གྱིས་ཡེ་ཤུའི་རྩར་ཡོང་ནས་ “ང་ཚོས་ཕོ་ཉ་ངན་པ་དེ་ཕྱིར་སྐྲོད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ” ཞེས་དྲིས། 20 ཡེ་ཤུས་ཁོ་ཚོར་བཤད། “གང་ཡིན་ཟེར་ན་ཁྱེད་ཚོའི་དད་པ་ཆུང་དྲགས་པ་རེད། ངས་ཁྱེད་ཚོར་བདེན་པ་ཟེར། ཁྱེད་ཚོའི་དད་སེམས་ཡུངས་འབྲུ་ཞིག་ལྟར་ཆུང་ན་ཡང་། ཁྱེད་ཚོས་རི་བོ་འདི་ལ་ འདི་ནས་ཕ་གིར་སྤོས་ཤིག་ཅེས་ཟེར་ན་རི་བོ་འདི་སྤོ་གི་རེད། ཁྱེད་ཚོར་སྒྲུབ་མི་ཐུབ་པ་གང་ཡང་མེད” 21 ---
22 དགེ་ཕྲུག་རྣམས་ཀཱ་ལི་ལི་ཡུལ་དུ་འཛོམས་སྐབས། ཡེ་ཤུས་ཁོ་ཚོར། “རྒྱབ་གཏོད་བྱེད་མཁན་ཞིག་གིས་མིའི་བུ་མི་རྣམས་ཀྱི་ལག་པར་སྤྲད་ནས 23 མི་རྣམས་ཀྱིས་ཁོང་གསོད་ངེས་ཡིན། དེ་ནས་ཉི་མ་གསུམ་པར་མིའི་བུ་སླར་གསོན་གྱི་རེད” ཅེས་བཤད་པས། དགེ་ཕྲུག་རྣམས་སེམས་ཧ་ཅང་སྐྱོ།
24 ཁོང་ཚོ་ཀཱ་པེར་ན་ཧུམ་དུ་སླེབས་པའི་རྗེས་སུ། མཆོད་ཁང་གི་ཁྲལ་བསྡུ་མཁན་རྣམས་ཀྱིས་པེ་ཏྲོ་ལ། “ཁྱེད་ཚོའི་རྒན་ལགས་ཀྱིས་མཆོད་ཁང་གི་ཁྲལ་མི་གནང་ངམ” ཞེས་དྲིས། 25 ཁོས་ “གནང་གི་རེད” ཅེས་བཤད། འོན་ཀྱང་ཁོ་ཁང་པའི་ནང་དུ་འཛུལ་རྗེས་ཡེ་ཤུས་སྔོན་ལ་པེ་ཏྲོར་དྲིས། “སི་མོན། ཁྱེད་རང་གི་བསམ་པར་ས་སྟེང་གི་རྒྱལ་པོ་རྣམས་ཀྱིས་སུ་ལས་དངོས་རྫས་དང་མགོ་ཁྲལ་སྡུད་དམ། རྒྱལ་སྲས་རྣམས་ནས་རེད་ཡང་ན་མི་གཞན་དག་ནས་རེད” 26 ཁོས་ “མི་གཞན་དག་ནས་རེད” ཅེས་བཤད་པས། ཡེ་ཤུས་ཁོ་ལ་བཤད། “དེ་ལྟར་ཡིན་ན་དོན་དངོས་ཐོག་རྒྱལ་སྲས་རྣམས་ལ་ཁྲལ་འཇལ་བའི་འོས་འགན་མེད། 27 ཡིན་ན་ཡང་ཁོ་ཚོ་ཚིག་པ་མི་ཟ་བའི་ཆེད་དུ་ཁྱེད་རང་མཚོ་ལ་ཕྱིན་ནས་ཉ་ཀྱུ་མར་འཕེན་དང་། ཡར་འཐོན་པའི་ཉ་དང་པོ་དེ་ཟིན་ནས་དེའི་ཁ་ཕྱེ་ན། དངུལ་སྒོར་ཞིག་རྙེད་ཀྱི་རེད། སྒོར་མོ་དེ་ལེན་ནས་ང་དང་ཁྱེད་རང་གི་ཆེད་དུ་ཁོ་ཚོར་ཁྲལ་འཇལ་དང”



