མད་ཐཱ་ལེའུ་བཅོ་བརྒྱད་པ།
Matthew 18
1 སྐབས་དེར་དགེ་ཕྲུག་རྣམས་ཡེ་ཤུའི་འཁྲིས་སུ་ཡོང་ནས་ཁོང་ལ། “ནམ་མཁའི་རྒྱལ་སྲིད་ནང་རླབས་ཆེ་ཤོས་དེ་ཡང་སྙིང་སུ་ཡིན” ཞེས་དྲིས། 2 ཡེ་ཤུས་ཕྲུ་གུ་ཆུང་ཆུང་ཞིག་བོས་ནས་ཁོ་ཚོའི་དཀྱིལ་ལ་ལངས་སུ་བཅུག་སྟེ་ 3 བཤད་པར། “ངས་ཁྱེད་ཚོར་བདེན་པ་ཟེར། ཁྱེད་ཚོས་བསམ་བློར་འགྱུར་ལྡོག་བཏང་ནས་ཕྲུ་གུ་ཆུང་ཆུང་དང་འདྲ་བར་མ་འགྱུར་ན་གཏན་ནས་ནམ་མཁའི་རྒྱལ་སྲིད་ལ་འཛུལ་མི་ཐུབ། 4 ཕྲུ་གུ་ཆུང་ཆུང་འདི་ནང་བཞིན་སྙེམས་ཆུང་བའི་མི་ནི་ནམ་མཁའི་རྒྱལ་སྲིད་ནང་དུ་རླབས་ཆེ་ཤོས་ཡིན། 5 ངའི་མིང་གྱི་དོན་དུ་ཕྲུ་གུ་ཆུང་ཆུང་འདི་འདྲ་ཞིག་དང་ལེན་བྱེད་མཁན་ནི་ང་ཡང་དང་ལེན་བྱས་པ་རེད། 6 འོན་ཀྱང་ང་ལ་དད་པ་ཡོད་པའི་མི་ཆུང་ཆུང་ཞིག་གི་དད་པ་ཤོར་དུ་བཅུག་མཁན་ནི། མི་དེའི་སྐེ་རུ་བོན་བུས་སྐོར་བའི་རང་འཐག་གི་རྡོ་ཞིག་བཏགས་ནས་རྒྱ་མཚོར་ནུབ་ན་ལེགས།
7 “མི་ལ་དད་པ་ཤོར་དུ་བཅུག་པའི་འགག་རྡོའི་རྐྱེན་པས་འཛམ་གླིང་ལ་ཆག་སྒོ་ཡོང་། འགག་རྡོ་ངེས་པར་དུ་ཡོང་གི་རེད། འོན་ཀྱང་འགག་རྡོ་དེ་འཁྱེར་ཡོང་མཁན་ལ་ཆག་སྒོ་ཡོང་། 8 གལ་སྲིད་ཁྱེད་རང་གི་ལག་པ་ཡ་གཅིག་ཡང་ན་རྐང་པ་ཡ་གཅིག་གིས་ཁྱེད་རང་ལ་དད་པ་ཤོར་དུ་བཅུག་ན། དེ་བཅད་ནས་དབྱུགས་ཤིག ལག་པ་གཉིས་ཀ་དང་རྐང་པ་གཉིས་ཀ་མཉམ་དུ་ནམ་ཡང་མི་ཤི་བའི་མེའི་ནང་དུ་དབྱུགས་པ་ལས། ལག་པ་ཡ་གཅིག་ཡང་ན་རྐང་པ་ཡ་གཅིག་ཤོར་ཡང་ཁྱེད་རང་ལ་ཚེ་སྲོག་ཐོབ་པ་ལེགས། 9 ཡང་གལ་སྲིད་ཁྱེད་རང་གི་མིག་ཡ་གཅིག་གིས་ཁྱེད་རང་ལ་དད་པ་ཤོར་དུ་བཅུག་ན། དེ་བཏོན་ནས་དབྱུགས་ཤིག མིག་གཉིས་ཀ་དང་མཉམ་དུ་ཧིན་ནོམ་གྱི་ལུང་གཤོང་གི་མེའི་ནང་དུ་དབྱུགས་པ་ལས། མིག་གཅིག་ལས་མེད་ཀྱང་ཁྱེད་རང་ལ་ཚེ་སྲོག་ཐོབ་ན་ལེགས། 10 ཁྱེད་ཚོས་གཟབ་གཟབ་བྱས་ནས་མི་ཆུང་ཆུང་དེ་ཚོ་ནང་ཀྱིི་མི་གཅིག་ལའང་མཐོང་ཆུང་མ་བྱེད་པ་བྱེད་དགོས། ངས་ཁྱེད་ཚོར་ཟེར། ཁོ་ཚོའི་ལྷའི་ཕོ་ཉ་རྣམས་ནམ་མཁར་ཡོད་དེ། རྒྱུན་དུ་ངའི་ཡབ་ཀྱི་ཞལ་རེས་མཇལ་ཡོད། 11 ---
12 “ཁྱེད་ཚོའི་བསམ་པར་གང་འདྲ་འདུག གལ་སྲིད་མི་ཞིག་ལ་ལུག་བརྒྱ་ཡོད་དེ། དེའི་ནང་གི་གཅིག་བརླགས་སོང་ན། མི་དེ་ལུག་དགུ་བཅུ་གོ་དགུ་རི་སྟེང་དུ་བཞག་ནས་བརླགས་པའི་ལུག་དེ་འཚོལ་བའི་ཆེད་དུ་མི་འགྲོའམ། 13 ངས་ཁྱེད་ཚོར་བདེན་པ་ཟེར། ལུག་དེ་རྙེད་སོང་ན། མི་དེ་བརླགས་མེད་པའི་ལུག་དགུ་བཅུ་གོ་དགུ་ལ་ཚོར་བ་ལས་ཆེ་བའི་དགའ་སྤྲོ་སྐྱེ། 14 དེ་བཞིན་དུ་ནམ་མཁར་བཞུགས་པའི་ངའི་ཡབ་ཀྱང་མི་ཆུང་ཆུང་དེ་ཚོའི་ནང་གི་མི་གཅིག་ཀྱང་མེད་པར་མ་འགྱུར་ན་དགོངས།
15 “གལ་སྲིད་ཁྱེད་ཀྱི་སྤུན་ཟླ་ཡིས་སྡིག་ཉེས་བསགས་ན། ཁྱེད་ཀྱིས་ཁོ་གཅིག་པུ་དང་ཐུག་ནས་ཁོའི་ནོར་འཁྲུལ་གསལ་བཤད་བྱེད་དང་། གལ་སྲིད་ཁོས་ཁྱེད་ཀྱིས་བཤད་པ་ལ་ཉན་ན་ཁྱེད་ཀྱིས་རང་གི་སྤུན་ཟླ་བསྐྱབས་ཐུབ་པ་རེད། 16 འོན་ཀྱང་གལ་སྲིད་ཁྱེད་ལ་མ་ཉན་ན། མི་གཅིག་ཡང་ན་གཉིས་ཁྲིད་ནས་ཁོ་དང་ཐུག་དང་། མི་གཉིས་སམ་གསུམ་གྱི་དཔང་ཚིག་ལ་བརྟན་ནས་དོན་གང་ཞིག་ཀྱང་གཏན་འཁེལ་བྱེད་ཐུབ། 17 གལ་སྲིད་ཁོས་ཁོ་ཚོས་བཤད་པ་ལའང་མ་ཉན་ན་ཆོས་ཚོགས་ལ་ཤོད་དང་། གལ་སྲིད་ཁོས་ཆོས་ཚོགས་ལའང་མ་ཉན་ན། ཁོ་ལ་མི་རིགས་གཞན་པ་ཡང་ན་ཁྲལ་བསྡུ་མཁན་ལྟར་བརྩི་ཞིག
18 “ངས་ཁྱེད་ཚོར་བདེན་པ་ཟེར། ཁྱེད་ཚོས་ས་སྟེང་དུ་གང་བཅིངས་པ་དེ་ནམ་མཁའི་སྟེང་དུ་ཡང་བཅིངས་ཚར་ཡོད། ཁྱེད་ཚོས་ས་སྟེང་དུ་གང་གློད་པ་དེ་ནམ་མཁའི་སྟེང་དུ་ཡང་གློད་ཚར་ཡོད། 19 ངས་ད་དུང་ཁྱེད་ཚོར་བདེན་པ་ཟེར། གལ་སྲིད་ཁྱེད་ཚོའི་ནང་ནས་མི་གཉིས་ཀྱིས་ས་སྟེང་དུ་བློ་ཡིད་གཅིག་སྒྲིལ་ངང་དོན་གལ་ཆེན་པོ་ཞིག་གི་སྐོར་ཞུ་བ་འཐེན་ན། ནམ་མཁར་བཞུགས་པའི་ངའི་ཡབ་ཀྱིས་ཁོ་ཚོའི་ཞུ་བ་ལྟར་སྒྲུབ། 20 གང་ཡིན་ཟེར་ན་ངའི་མིང་ཐོག་ནས་མི་གཉིས་སམ་གསུམ་འཛོམས་ཡོད་ན་ང་ཡང་ཁོ་ཚོའི་ཁྲོད་དུ་ཡོད”
21 སྐབས་དེར་པེ་ཏྲོ་ཡོང་ནས་ཡེ་ཤུ་ལ། “གཙོ་བོ་ལགས། ངའི་སྤུན་ཟླ་ཡིས་ང་ལ་ཕོག་ཐུག་བཏང་ན་ངས་ཐེངས་མ་ག་ཚོད་གུ་ཡངས་གཏོང་དགོས། ཐེངས་བདུན་བར་དུ་ཡིན་ནམ” ཞེས་དྲིས། 22 ཡེ་ཤུས་ཁོ་ལ། “ངས་ཁྱེད་ལ་ཟེར། ཐེངས་བདུན་མ་ཡིན་པར་ཐེངས་བདུན་བཅུ་དོན་བདུན་བར་དུ་ཡིན།
23 “དེ་བཞིན་དུ་དཀོན་མཆོག་གི་རྒྱལ་སྲིད་ནི་གཡོག་པོ་རྣམས་ཀྱི་བུ་ལོན་གཙང་རྩིས་རྒྱག་དགོས་པའི་རྒྱལ་པོ་ཞིག་དང་འདྲ། 24 རྩིས་བརྒྱབ་མགོ་བཙུགས་དུས། རྒྱལ་པོ་ལ་དངུལ་སྒོར་བྱེ་བ་ཕྲག་དྲུག་ཆད་པའི་མི་ཞིག་ཁྲིད་ཡོང་བ་རེད། 25 ཡིན་ན་ཡང་ཁོ་ལ་འཇལ་ཐབས་མེད་པས། བདག་པོས་ཁོ་ལ་རང་ཉིད་དང་ཁོའི་བཟའ་ཟླ་དང་བུ་ཕྲུག་རྣམས་དང་ཁོ་ལ་ཡོད་པ་ཚང་མ་བཅས་བཙོངས་ནས་བུ་ལོན་འཇལ་དགོས་ཞེས་བཀའ་བཀོད། 26 གཡོག་པོ་དེས་པུས་མོ་བཙུགས་ནས་ཁོང་ལ་གུས་བཀུར་ཞུས་ཏེ། 'ང་ལ་ཐུགས་བཟོད་གནང་རོགས་གནང་། ངས་གཏན་གཏན་ཁྱེད་རང་ལ་ཚང་མ་འཇལ་གྱི་ཡིན' ཞེས་ཞུས། 27 ཁོའི་བདག་པོ་སྙིང་རྗེ་སྐྱེས་པས་གཡོག་པོ་འདི་གློད་པ་མ་ཟད་ད་དུང་བུ་ལོན་ཡང་མེད་པ་བཟོས་པ་རེད། 28 འོན་ཀྱང་གཡོག་པོ་དེ་ཕྱིན་ནས་ཁོ་ལ་དངུལ་སྒོར་བརྒྱ་ཆད་པའི་གཡོག་པོ་གཞན་ཞིག་དང་ཐུག ཁོས་ལས་རོགས་དེ་བཟུང་ནས་སྐེ་བཙིར་ཏེ། 'བུ་ལོན་ཚང་མ་འཇོལ་ཞིག' ཅེས་བཤད། 29 ལས་རོགས་དེས་པུས་མོ་བཙུགས་ནས་ཁོ་ལ། 'ང་ལ་བཟོད་སྒོམ་བྱེད་དང་། ངས་གཏན་གཏན་འཇལ་གྱི་ཡིན' ཞེས་ཞུ་བ་འཐེན། 30 འོན་ཀྱང་ཁོ་ལ་འདོད་པ་མེད་པས་ཁོས་ལས་རོགས་དེ་བུ་ལོན་མ་འཇལ་བར་དུ་བཙོན་ཁང་ནང་དུ་བཅུག་པ་རད། 31 གཡོག་པོ་གཞན་དག་གིས་འདི་ལྟར་གྱི་གནས་ཚུལ་བྱུང་པ་མཐོང་ནས་སེམས་སྡུག་ཆེན་པོ་བྱས། ཁོ་ཚོ་ཕྱིན་ནས་བདག་པོར་གནས་ཚུལ་ཚང་མ་སྙན་སེང་ཞུས། 32 དེའི་རྐྱེན་གྱིས་བདག་པོས་ཁོ་བོས་ནས། 'གཡོག་པོ་ངན་པ་ཁྱོད། ཁྱོད་ཀྱིས་ང་ལ་སྐྱབས་འཇུག་ཞུས་སྐབས་ངས་ཁྱོད་ཀྱི་བུ་ལོན་ཚང་མ་བསལ་བ་ཡིན། 33 ངས་ཁྱོད་ལ་སྙིང་རྗེ་བྱས་པ་ལྟར་ཁྱོད་ཀྱིས་ཀྱང་ལས་རོགས་ལ་སྙིང་རྗེ་བྱེད་དགོས་པ་མ་རེད་དམ' ཞེས་བཤད། 34 བདག་པོ་ཁོང་ཁྲོ་ཆེན་པོ་ལངས་ནས་བུ་ལོན་ཚང་མ་མ་འཇལ་བར་དུ་ཁོ་བཙོན་སྲུང་བ་རྣམས་ལ་གཏད། 35 གལ་སྲིད་ཁྱེད་ཚོས་སེམས་གཏིང་ནས་སྤུན་ཟླར་གུ་ཡངས་མ་བཏང་ན། ནམ་མཁར་བཞུགས་པའི་ངའི་ཡབ་ཀྱིས་ཀྱང་འདི་ལྟར་གནང”



