མད་ཐཱ་ལེའུ་བཅུ་དགུ་པ།
Matthew 19
1 ཡེ་ཤུས་གཏམ་འདི་ཚོ་བཤད་ཚར་བའི་རྗེས་སུ། ཁོང་ཀ་ལི་ལི་ཡུལ་དང་ཁ་བྲལ་ནས་ཡོར་དན་གཙང་པོའི་ཕ་ཕྱོགས་ཀྱི་ཡ་ཧུ་དཱ་ཡུལ་གྱི་ས་མཚམས་ལ་སླེབས། 2 མི་ཚོགས་ཆེན་པོ་ཁོང་གི་རྗེས་སུ་ཡོང་བ་དང་། ཁོང་གིས་ས་ཆ་དེར་ཁོ་ཚོའི་ན་ཚ་བསལ།
3 སྐབས་དེར་ཕཱ་རུ་སི་ཤོག་ཁག་གི་མི་རྣམས་ཡེ་ཤུ་ལ་ཉམས་ཚོད་ལེན་པའི་ཆེད་དུ་ཡོང་ནས་ཁོང་ལ། “ཁྱོ་ག་ཞིག་གིས་རྒྱུ་མཚན་གང་ལ་གཞིགས་ནའང་ཆུང་མ་དང་བཟའ་ཚང་ཁ་བྲལ་བ་ཁྲིམས་མཐུན་ཡིན་ནམ”ཞེས་དྲིས། 4 ཡེ་ཤུས་ལེན་དུ། “ཁྱེད་ཚོས་ཀློག་མྱོང་མེད་དམ། མི་བསྐྲུན་མཁན་དཀོན་མཆོག་གིས་ཐོག་མ་ནས་མི་ཕོ་མོ་གཉིས་བསྐྲུན་སྟེ། 5 'དེའི་རྐྱེན་གྱིས་སྐྱེས་པས་དེའི་ཕ་མ་དང་ཁ་བྲལ་ནས་རང་གི་ཆུང་མ་དང་དམ་པོར་འབྲེལ་ཏེ། ཁོ་གཉིས་གཅིག་ཏུ་འགྱུར' ཞེས་བཤད། 6 དེར བརྟེན་བཟའ་ཚང་ད་ལྟ་མི་གཉིས་པོ་མ་ཡིན་པར་གཅིག་ཏུ་འགྱུར་བ་རེད། དཀོན་མཆོག་གིས་སྦྲེལ་བ་དེ་མི་སུས་ཀྱང་ཁ་ཕྲལ་མི་ཆོག”ཅེས་བཤད། 7 ཁོ་ཚོས་ཡེ་ཤུ་ལ། “འོ་ན་མོ་ཤེ་ཡིས་བཟའ་ཚང་ཁ་བྲལ་བའི་དཔང་ཡིག་སྤྲོད་ནས་ཆུང་མ་དང་ཁ་བྲེལ་ཆོག་པའི་སྒྲིག་སྲོལ་བཀོད་པའི་རྒྱུ་མཚན་གང་ཡིན” ཞེས་དྲིས། 8 ཡེ་ཤུས་ཁོ་ཚོར། “ཁྱེད་ཚོའི་སེམས་གྱོང་པོ་ཡིན་པར་གཞིགས་ནས་མོ་ཤེ་ཡིས་ཆུང་མ་དང་ཁ་བྲལ་པའི་ཐད་གུ་ཡངས་བཏང་བ་རེད། ཡིན་ན་ཡང་ཐོག་མ་ནས་དེ་ལྟར་ཡིན་པ་མ་རེད། 9 ངས་ཁྱེད་ཚོར་ཟེར། སུ་ཞིག་ཀྱང་ཕོ་མོ་བར་གྱི་ཀུན་སྤྱོད་གཙང་མ་མིན་པའི་རྐྱེན་གྱིས་མ་གཏོགས་ཆུང་མ་དང་བཟའ་ཚང་ཁ་བྲལ་ནས་བུད་མེད་གཞན་ཞིག་དང་གཉན་སྒྲིག་བྱས་ན། མི་དེས་ཁོ་མོ་དང་འགབ་མཐུན་བྱས་པ་རེད”
10 ཡེ་ཤུའི་དགེ་ཕྲུག་རྣམས་ཀྱིས་ཁོང་ལ། “གལ་སྲིད་ཁྱོ་ག་དང་ཆུང་མ་བར་གྱི་འབྲེལ་བ་དེ་འདྲ་ཡིན་ན་གཉན་སྒྲིག་མ་བྱས་ན་ལེགས” ཞེས་བཤད། 11 ཡེ་ཤུས་ཁོ་ཚོར། “བཤད་སྟངས་འདི་མི་ཚང་མས་དང་ལེན་བྱེད་ཐུབ་པ་མིན། དཀོན་མཆོག་གི་ཕྱག་རྟགས་དེ་རིགས་ཐོབ་པའི་མི་ཁོ་ནས་དང་ལེན་བྱེད་ཐུབ། 12 མི་ཁ་ཤས་སྐྱེས་དུས་ནས་དབང་པོར་སྐྱོན་ཡོད་པས་གཉེན་སྒྲིག་མི་བྱེད། ཁ་ཤས་ཤིག་ནི་མི་གཞན་གྱིས་ལུས་པོར་སྐྱོན་བཟོས་པས་གཉེན་སྒྲིག་མི་བྱེད། འོན་ཀྱང་མི་ཁ་ཤས་ཤིག་ནི་ནམ་མཁའི་རྒྱལ་སྲིད་ཀྱི་ཆེད་དུ་རང་མོས་ཀྱིས་གཉེན་སྒྲིག་མི་བྱེད། མི་ཞིག་གིས་དེ་དང་ལེན་བྱེད་ཐུབ་ན་དང་ལེན་བྱེད་དང”
13 སྐབས་དེར་མི་རྣམས་ཀྱིས་ཕྲུ་གུ་ཆུང་ཆུང་རྣམས་ཡེ་ཤུའི་མདུན་དུ་ཁྲིད། ཁོ་ཚོའི་རེ་བར་ཡེ་ཤུས་ཕྲུ་གུ་རྣམས་ལ་ལག་པ་བཞག་ནས་སྨོན་ལམ་བརྒྱབ་ན་བསམས། འོན་ཀྱང་དགེ་ཕྲུག་རྣམས་ཀྱིས་ཁོ་ཚོར་གཤེ་གཤེ་བཏང་། 14 འོན་ཀྱང་ཡེ་ཤུས། “ཕྲུ་གུ་ཚོར་བཀག་འགོག་མ་བྱེད་པར་ངའི་འཁྲིས་སུ་ཡོང་དུ་བཅུག་དང་། གང་ཡིན་ཟེར་ན་ནམ་མཁའི་རྒྱལ་སྲིད་ནི་ཁོ་ཚོ་ལྟ་བུའི་མི་ལ་བདག་གི་རེད” ཅེས་བཤད་པ་དང་། 15 ཁོང་གིས་ཕྲུ་གུ་རྣམས་ལ་ལག་པ་བཞག་པའི་རྗེས་སུ་ས་ཆ་དེ་ནས་ཁ་བྲལ།
16 དེ་ནས་མི་ཞིག་གིས་ཡེ་ཤུའི་མདུན་དུ་ཡོང་ནས་ཁོང་ལ། “རྒན་ལགས། ངས་ལས་བཟང་གང་སྒྲུབ་ན་དུས་ནམ་ཡང་གི་ཚེ་སྲོག་འཐོབ་ཐུབ་བམ” ཞེས་དྲིས། 17 ཡེ་ཤུས་ཁོ་ལ། “གང་ལ་ལས་བཟང་ཟེར་བ་དེའི་སྐོར་ང་ལ་དྲིས་པ་གང་ཡིན། བཟང་པོ་ཞེས་གསོལ་འོས་མཁན་གཅིག་ལས་མེད། འོན་ཀྱང་ཁྱེད་ཀྱིས་ཚེ་སྲོག་འཐོབ་དགོས་བསམས་ན་མུ་མཐུད་དུ་བཀའ་ཁྲིམས་སྲུང་དང” ཞེས་བཤད། 18 མི་དེས་ཡེ་ཤུ་ལ། “བཀའ་ཁྲིམས་གང་དག་ཡིན་ནམ” ཞེས་དྲིས། ཡེ་ཤུས། “མི་གསོད་མི་ཆོག ཕོ་མོ་འགབ་མཐུན་བྱེད་མི་ཆོག རྐུན་མ་རྐུ་མི་ཆོག དཔང་ཚིག་རྫུན་མ་བཤད་མི་ཆོག 19 ཁྱོད་ཀྱི་ཕ་མ་ལ་བརྩི་བཀུར་བྱེད་དགོས། མི་ལ་རང་ཉིད་ལ་བྱེད་པ་ལྟར་བརྩེ་བ་བྱེད་དགོས་བཅས་རེད” 20 གཞོན་ནུ་དེས་ཁོང་ལ། “ངས་དེ་ཚོ་ཚང་མ་སྲུང་ཡོད། ངས་ད་དུང་གང་བྱེད་དགོས་སམ”ཞེས་དྲིས། 21 ཡེ་ཤུས་ཁོ་ལ། “གལ་སྲིད་ལེགས་འཛོམས་འབྱུང་དགོས་བསམས་ན། ཁྱེད་ཀྱི་རྒྱུ་ནོར་བཙོངས་ནས་དབུལ་པོ་རྣམས་ལ་བྱིན་དང་། དེ་ལྟར་བྱས་ན་ནམ་མཁའི་སྟེང་དུ་རྒྱུ་ནོར་གསོག་ཐུབ། ད་དུང་ཡོང་ནས་ངའི་རྗེས་སུ་འབྲང་དགོས”ཞེས་བཤད། 22 གཞོན་ནུ་དེས་སྐད་ཆ་འདི་ཐོས་རྗེས་སེམས་ཤིན་ཏུ་སྐྱོ་པོ་བྱུང་ནས་ཕྱིན་སོང་། རྒྱུ་མཚན་ནི་ཁོ་ལ་རྒྱུ་ནོར་མང་པོ་ཡོད། 23 ཡེ་ཤུས་དགེ་ཕྲུག་རྣམས་ལ། “ངས་ཁྱེད་ཚོར་བདེན་པ་ཟེར། མི་ཕྱུག་པོ་ཞིག་ནམ་མཁའི་རྒྱལ་སྲིད་དུ་འཛུལ་བ་དེ་དཀའ་པོ་རེད། 24 ངས་སླར་ཡང་ཟེར། མི་ཕྱུག་པོ་ཞིག་དཀོན་མཆོག་གི་རྒྱལ་སྲིད་དུ་འཛུལ་བ་ལས་རྔ་མོང་ཞིག་ཁབ་མིག་བརྒྱུད་ནས་འགྲོ་བ་ལས་སླ་པོ་ཡོད”ཅེས་བཤད།
25 འདི་ཐོས་སྐབས་དགེ་ཕྲུག་རྣམས་ཧ་ཅང་ཧ་ལས་ནས་“འོ་ན་སུ་ལ་སྲུང་སྐྱོབ་འཐོབ་ཐུབ་བམ”ཞེས་བཤད། 26 ཡེ་ཤུས་དགེ་ཕྲུག་རྣམས་ལ་བལྟས་ནས་ “མི་ལ་དེ་སྒྲུབ་ཐབས་མེད་ཀྱང་དཀོན་མཆོག་གིས་ཐམས་ཅད་སྒྲུབ་ཐུབ” ཅེས་བཤད།
27 སྐབས་དེར་པེ་ཏྲོ་ཡིས། “གཟིགས་དང་། ང་ཚོ་ཐམས་ཅད་དང་ཁ་བྲལ་ནས་ཁྱེད་རང་གི་རྗེས་སུ་འབྲངས་ཡོད། བྱས་ན་ང་ཚོར་གང་འཐོབ་བམ”ཞེས་བཤད། 28 ཡེ་ཤུས་ཁོ་ཚོར། “ངས་ཁྱེད་ཚོར་བདེན་པ་ཟེར། ཐམས་ཅད་སླར་གསོ་རྒྱུའི་སྐབས་སུ་མིའི་བུ་གཟི་བརྗིད་ལྡན་པའི་ཁྲི་ལ་བཞུགས། ངའི་རྗེས་སུ་འབྲངས་ཡོད་པའི་ཁྱེད་ཚོ་ཡང་ཁྲི་བཅུ་གཉིས་ལ་བསྡད་ནས་ཨི་སི་རེལ་གྱི་རུས་རྒྱུད་བཅུ་གཉིས་ལ་འདྲི་གཅོད་བྱེད། 29 ངའི་མིན་གྱི་ཆེད་དུ་ཁང་པ་ཡང་ན་གཅེན་གཅུང་། ཕ་མ། བུ་ཕྲུག ཞིང་ཀ་བཅས་དང་ཁ་བྲལ་བའི་མི་རེ་རེ་ཐམས་ཅད་ལ་ལྡབ་བརྒྱ་འཐོབ། ད་དུང་དུས་ནམ་ཡང་གི་ཚེ་སྲོག་ཡང་འཐོབ།
30 “ད་ལྟ་མཐའ་མ་ཡིན་པའི་མི་རྣམས་མ་འོངས་པར་དང་པོར་འགྱུར། ད་ལྟ་དང་པོ་ཡིན་པའི་མི་རྣམས་མ་འོངས་པར་མཐའ་མར་འགྱུར”



