མད་ཐཱ་ལེའུ་ཉི་ཤུ་པ།

Matthew 20


1 “ནམ་མཁའི་རྒྱལ་སྲིད་ནི་ཁྱིམ་ཚང་ཞིག་གི་བདག་པོ་དང་འདྲ། ཁོང་ཞོགས་པ་སྔ་མོ་ནས་རྒུན་འབྲུམ་ལྡུམ་རར་ལས་ཀ་བྱེད་མཁན་གླ་བའི་ཆེད་དུ་ཕྱིན། 2 ཁོང་གིས་གླ་པ་རྣམས་དང་ཉི་མ་གཅིག་ལ་དངུལ་སྒོར་གཅིག་སྤྲོད་རྒྱུའི་མོས་མཐུན་བྱུང་བའི་རྗེས་ཁོ་ཚོ་རྒུན་འབྲུམ་ལྡུམ་རར་བཏང་། 3 ཁོང་སྔ་དྲོ་ཆུ་ཚོད་དགུ་པ་གཡས་གཡོན་ལ་སླར་ཡང་ཕྱིན་ནས་མི་གཞན་དག་ཅིག་ལས་ཀ་རག་མེད་པས་ཁྲོམ་རར་ལངས་བསྡད་པ་མཐོང་། 4 ཁོང་གིས་ཁོ་ཚོར། 'ཁྱེད་ཚོ་ཡང་རྒུན་འབྲུམ་ལྡུམ་རར་འགྲོ་དང་། ངས་ཁྱེད་ཚོར་དྲང་གཞག་གི་གླ་ཆ་སྤྲད་ཆོག'ཅེས་བཤད་པས་ 5 ཁོ་ཚོ་ཡང་ཕྱིན་སོང་། ཁྱིམ་བདག་དེ་ཉིན་གུང་ཆུ་ཚོད་བཅུ་གཉིས་པ་དང་ཕྱི་དྲོ་ཆུ་ཚོད་གསུམ་པ་གཡས་གཡོན་ལ་ཡང་ཕྱིན་ནས་མི་གཞན་དག་གླས་པ་རེད། 6 མཐའ་མར་ཕྱི་དྲོ་ཆུ་ཚོད་ལྔ་པ་གཡས་གཡོན་ལ་ཕྱིན་སྐབས་ཁོང་གིས་མི་གཞན་དག་ཅིག་ལས་ཀ་མེད་པར་ལངས་བསྡད་པ་མཐོང་ནས་ཁོ་ཚོར། 'ཁྱེད་ཚོ་ཉིན་གང་ལས་ཀ་མེད་པར་འདིར་ལངས་བསྡད་པ་གང་ཡིན'ཞེས་དྲིས། 7 ཁོ་ཚོས་ལན་དུ། 'གང་ཡིན་ཟེར་ན་མི་སུས་ཀྱང་ང་ཚོ་གླས་མ་བྱུང'ཞེས་བཤད། ཁོང་གིས། 'ཁྱེད་ཚོ་ཡང་རྒུན་འབྲུམ་ལྡུམ་རར་འགྲོ་དང'ཞེས་བཤད།

8 དགོང་མོ་སླེབས་དུས་ཁྱིམ་བདག་གིས་དོ་དམ་པ་ལ། 'གླ་པ་རྣམས་ཚུར་བོས་ནས་ཁོ་ཚོར་གླ་ཆ་སྤྲོད་དང་། མཐའ་མའི་མི་ནས་མགོ་བཙུགས་ཏེ་ཐོག་མའི་མི་བར་དུ'ཞེས་བཤད། 9 ཕྱི་དྲོ་ཆུ་ཚོད་ལྔ་པར་གླས་པའི་མི་རྣམས་ཡོང་ནས་མི་རེ་རེར་དངུལ་སྒོར་གཅིག་ཐོབ། 10 ཐོག་མར་གླས་པའི་མི་རྣམས་ཡོང་དུས་ཁོ་ཚོས་གླ་ཆ་དེ་བས་མང་བ་འཐོབ་ཡོང་བསམས། འོན་ཀྱང་ཁོ་ཚོ་ལ་ཡང་མི་རེ་རེར་དངུལ་སྒོར་གཅིག་ཐོབ། 11 གླ་ཆ་ལེན་དུས་ཁོ་ཚོས་ཁྱིམ་བདག་ལ་འཁང་ར་བྱས་ནས་ཁོང་ལ། 12 'མཐའ་མར་ཡོང་བའི་མི་དེ་ཚོ་ཆུ་ཚོད་གཅིག་ལས་ལས་ཀ་བྱས་མེད། ང་ཚོ་ཉིན་གང་ཚ་གདུག་ཆེན་པོའི་ནང་དཀའ་ལས་བརྒྱབ་པ་ཡིན། ཁྱེད་རང་གིས་ཁོ་ཚོ་དང་ང་ཚོ་འདྲ་མཉམ་བཟོ་བ་གང་ཡིན' ཞེས་བཤད། 13 འོན་ཀྱང་ཁྱིམ་བདག་གིས་ཁོ་ཚོ་ནང་གི་གཅིག་ལ་ལན་དུ། 'གྲོགས་པོ། ངས་ཁྱེད་རང་ལ་བྱེད་སྟངས་ནོར་མི་འདུག ང་ཚོ་མོས་མཐུན་བྱས་པའི་གླ་ཆ་དེ་དངུལ་སྒོར་གཅིག་མིན་ནམ། 14 ཁྱེད་རང་གི་གླ་ཆ་ལེན་ནས་འགྲོ་དང་། ངས་མཐའ་མའི་མི་དེ་ཚོ་ལ་ཡང་གླ་ཆ་ཁྱེད་རང་དང་གཅིག་པ་སྤྲོད་འདོད་འདུག 15 ངའི་དངོས་པོ་ང་རང་གིས་བེད་སྤྱོད་གཏོང་བའི་དབང་ཆ་ང་ལ་མེད་དམ། ང་མི་བཟང་པོ་ཡིན་པས་ཁྱེད་རང་ཕྲག་དོག་སྐྱེས་སམ' ཞེས་བཤད། 16 འདི་བཞིན་དུ་ད་ལྟ་མཐའ་མ་ཡིན་པའི་མི་རྣམས་མ་འོངས་པར་དང་པོར་འགྱུར། ད་ལྟ་དང་པོ་ཡིན་པའི་མི་རྣམས་མ་འོངས་པར་མཐའ་མར་འགྱུར”

17 རྒྱལ་ས་ཡེ་རུ་ཤ་ལེམ་དུ་འགྲོ་བའི་ལམ་བར་དུ་ཡེ་ཤུས་དགེ་ཕྲུག་བཅུ་གཉིས་པོ་ཁོ་ན་ཟུར་དུ་ཁྲིད་ནས་ཁོ་ཚོར། 18 “ལྟོས་དང་། ང་ཚོ་ཡེ་རུ་ཤ་ལེམ་དུ་འགྲོ་གི་ཡོད། མིའི་བུ་མཆོད་དཔོན་གཙོ་བོ་རྣམས་དང་བཀའ་ཁྲིམས་མཁས་པ་རྣམས་ལ་གཏད། ཁོ་ཚོས་ཁོང་ལ་སྲོག་ཐོག་གཏང་བའི་ཁྲིམས་ཐག་གཅོད་བྱས་ནས་ 19 མི་རིགས་གཞན་པའི་མི་རྣམས་ལ་གཏད། ཁོ་ཚོས་མིའི་བུ་ལ་འཕྱ་སྨོད་བྱས་ནས་ལྕག་ཚན་གཞུ་ལ་ཀ་བའི་སྟེང་དུ་སྲོག་ཐོག་གཏང་གི་རེད། དེ་ནས་ཉི་མ་གསུམ་པར་ཁོང་སླར་གསོན་གྱི་རེད”ཅེས་བཤད།

20 སྐབས་དེར་ཟེ་བེད་ཡཱ་གི་ཆུང་མས་བུ་གཉིས་དང་མཉམ་དུ་ཡོང་ནས་ཡེ་ཤུ་ལ་གུས་བཀུར་ཞུས་ཏེ་ཁོང་ལ་ཞུ་བ་ཞིག་འཐེན། 21 ཡེ་ཤུས་ཁོ་མོར། “ཁྱེད་རང་ལ་གང་དགོས་སམ” ཞེས་དྲིས། ཁོ་མོས་ལན་དུ། “ངའི་བུ་འདི་གཉིས་ལ་ཁྱེད་རང་གི་རྒྱལ་སྲིད་ནང་དུ་གཅིག་ཁྱེད་རང་གི་གཡས་ཕྱོགས་དང་གཅིག་ཁྱེད་རང་གི་གཡོན་ཕྱོགས་སུ་སྡོད་དུ་བཅུག་དང” ཞེས་ཞུས། 22 ཡེ་ཤུས་ལན་དུ། “ཁྱེད་ཚོས་རང་གིས་གང་ཞུ་བཞིན་ཡོད་པ་ཤེས་ཀྱི་མི་འདུག ངས་འཐུང་རྒྱུའི་ཕོར་པ་དེ་ནས་ཁྱེད་གཉིས་ཀྱང་འཐུང་ཐུབ་བམ”ཞེས་བཤད། ཁོ་གཉིས་ཀྱིས་ཡེ་ཤུ་ལ། “ང་ཚོ་འཐུང་ཐུབ” ཅེས་བཤད། 23 ཡེ་ཤུས། “ཁྱེད་གཉིས་ཀྱིས་ངའི་ཕོར་པ་ནས་འཐུང་ངེས་ཡིན། ཡིན་ན་ཡང་སུ་ངའི་གཡས་གཡོན་ལ་སྡོད་པ་དེ་ངས་ཐག་གཅོད་བྱེད་པའི་དོན་དག་མིན། ངའི་ཡབ་ཀྱིས་སུའི་ཆེད་དུ་སྡོད་ས་དེ་ཚོ་གྲ་སྒྲིག་གནང་ནའང་མི་དེ་ཚོར་འཐོབ་ཀྱི་རེད” ཅེས་བཤད།

24 གཞན་བཅུ་པོས་འདིའི་སྐོར་ཐོས་ནས་སྤུན་ཟླ་འདི་གཉིས་ལ་ཁོང་ཁྲོ་སྐྱེས། 25 ཡེ་ཤུས་ཁོ་ཚོ་ཚུར་བོས་ནས་བཤད་པར། “ཁྱེད་ཚོས་ཤེས་པ་ལྟར་རྒྱལ་ཁབ་རྣམས་ཀྱི་དབང་སྒྱུར་པས་མི་སེར་ལ་དབང་བྱེད་ལ། བློན་པོ་རྣམས་ཀྱིས་དབང་ཆ་འཛིན་ནས་མི་སེར་ལ་དོ་དམ་བྱེད། 26 འོན་ཀྱང་ཁྱེད་ཚོའི་ཁྲོད་དུ་དེ་ལྟར་བྱེད་མི་རུང་། མི་སུས་ཀྱང་ཁྱེད་ཚོའི་ཁྲོད་དུ་རླབས་ཆེན་པོ་ཆགས་འདོད་ཡོད་ན་མི་དེས་ཁྱེད་ཚོའི་ཞབས་འདེགས་པ་བྱེད་དགོས། 27 མི་སུས་ཀྱང་ཁྱེད་ཚོའི་ཁྲོད་དུ་ཨང་དང་པོ་ཆགས་འདོད་ཡོད་ན་མི་དེས་ཁྱེད་ཚོའི་གཡོག་པོ་བྱེད་དགོས། 28 མིའི་བུ་ཡང་མི་རྣམས་ལ་ཞབས་འདེགས་ཞུ་རུ་བཅུག་པའི་ཆེད་དུ་ཡོང་མེད། མིའི་བུ་ནི་རང་གིས་མི་ལ་ཞབས་འདེགས་ཞུ་བ་དང་། རང་སྲོག་བཏང་ནས་མི་མང་པོ་དང་བརྗེ་བའི་བླུ་རིན་སྤྲོད་པའི་ཆེད་དུ་ཡོང་བ་ཡིན”

29 ཁོང་ཚོ་གྲོང་ཁྱེར་ཡེ་རི་ཁོ་ནས་ཐོན་སྐབས། མི་ཚོགས་ཆེན་པོ་ཞིག་ཡེ་ཤུའི་རྗེས་སུ་འབྲངས། 30 ལམ་འགྲམ་དུ་ལོང་བ་གཉིས་ཡོད་དེ་ཡེ་ཤུ་ལམ་ཁ་དེ་བརྒྱུད་ནས་འགྲོ་བཞིན་ཡོད་པ་ཐོས་ནས་སྐད་ཆེན་པོས། “གཙོ་བོ་ལགས། ཀྱེ་དཱ་བིད་ཀྱི་སྲས། ང་ཚོ་ལ་ཐུགས་རྗེ་གཟིགས་རོགས།”ཞེས་བོས། 31 མི་རྣམས་ཀྱིས་ཁོ་ཚོར་ཁ་ཁར་སྡོད་ཅིག་ཅེས་གཤེ་གཤེ་བཏང་། འོན་ཀྱང་ལོང་བ་གཉིས་ཀྱིས་སྐད་དེ་བས་ཆེ་བ་བརྒྱབ་ནས་ “གཙོ་བོ་ལགས། ཀྱེ་དཱ་བིད་ཀྱི་སྲས། ང་ཚོ་ལ་ཐུགས་རྗེ་གཟིགས་རོགས།”ཞེས་བཤད། 32 ཡེ་ཤུས་འགྲོ་མཚམས་བཞག་ནས་ཁོ་གཉིས་ལ། “ཁྱེད་ཚོའི་རེ་བར་ངས་ཁྱེད་ཚོར་གང་བྱེད་དགོས་སམ”ཞེས་དྲིས། 33 ཁོ་ཚོས་ “གཙོ་བོ་ལགས། ང་ཚོའི་མིག་མཐོང་ཐུབ་པར་གནང་དང” ཞེས་ཞུས། 34 ཡེ་ཤུས་སྙིང་རྗེ་སྐྱེས་ནས་ཁོ་ཚོའི་མིག་ལ་རེག་མ་ཐག ཁོ་ཚོའི་མིག་མཐོང་ཐུབ་བར་འགྱུར་ནས་ཁོ་ཚོ་ཡེ་ཤུའི་རྗེས་སུ་འབྲངས།