མད་ཐཱ་ལེའུ་ཉི་ཤུ་རྩ་གཅིག་པ།
Matthew 21
1 ཁོང་ཚོ་ཡེ་རུ་ཤ་ལེམ་དང་ཐག་ཉེ་རུ་ཡོང་ནས་ཨོ་ལིབ་ཤིང་གི་རི་བོའི་སྟེང་དུ་ཡོད་པའི་གྲོང་སྡེ་བེད་ཕཱ་གེ་ལ་སླེབས། སྐབས་དེར་ཡེ་ཤུས་དགེ་ཕྲུག་གཉིས་བཏང་སྟེ། 2 ཁོ་གཉིས་ལ་བཤད་པར། “མདུན་གྱི་གྲོང་སྡེ་ཕ་གིར་འགྲོ་དང་། ཁྱེད་གཉིས་འཛུལ་མ་ཐག་བོང་བུ་མོ་ཞིག་བཏགས་ཡོད་པ་དང་བོང་ཕྲུག་ཞིག་མཉམ་དུ་ཡོད་པ་མཐོང་གི་རེད། དེ་གཉིས་བཀྲོལ་ནས་ཁྲིད་ཤོག 3 གལ་སྲིད་སུ་ཞིག་གིས་གང་ཞིག་བཤད་ན། 'གཙོ་བོས་དེ་ཚོ་བེད་སྤྱོད་བྱེད་དགོས་ཡོད་'ཅེས་ཤོད་དང་། མི་དེས་འཕྲལ་དུ་དེ་ཚོ་གཏང་གི་རེད”
4 ཡེ་ཤུས་བཤད་པ་དེ་དངོས་གནས་དེ་བཞིན་དུ་བྱུང་། དེ་ནི་སྔོན་ཤེས་པ་བརྒྱུད་ནས་གསུངས་པའི་གཏམ་འདི་དངོས་སུ་གྲུབ་པའི་ཆེད་དུ་ཡིན། 5 “ཁྱེད་ཚོས་གྲོང་ཁྱེར་སི་འོན་ལ་ཤོད་དང་། 'ལྟོས་ཤིག ཁྱེད་ཀྱི་རྒྱལ་པོ་ཁྱེད་ཀྱི་ནང་དུ་སླེབ། ཁོང་གཤིས་རྒྱུད་འཇམ་ཞིང་བོང་བུར་ཞོན་གྱི་འདུག ཁལ་མའི་ཕྲུ་གུ་བོང་ཕྲུག་ཅིག་ལ་ཞོན་གྱི་འདུག'”
6 དགེ་ཕྲུག་དེ་གཉིས་ཕྱིན་ནས་ཡེ་ཤུའི་བཀའ་ལྟར་བསྒྲུབས། 7 ཁོ་ཚོས་བོང་བུ་དང་བོང་ཕྲུག་ཁྲིད་ཡོང་ནས་དེ་ཚོའི་སྟེང་དུ་རང་གི་ཕྱི་གོས་བཞག་པ་དང་། ཡེ་ཤུ་དེའི་སྟེང་ལ་བཞོན། 8 མི་ཚོགས་ནང་ནས་མི་མང་པོ་ཞིག་གིས་ཁོ་ཚོའི་ཕྱི་གོས་ལམ་ཁར་བཏིང་བ་དང་། མི་གཞན་དག་གིས་ཤིང་གི་ཡལ་ག་བཅད་ནས་ལམ་ཁར་བཀྲམ། 9 ཁོང་གི་མདུན་དང་རྗེས་ལ་འགྲོ་བའི་མི་ཚོགས་ཀྱིས་མཚམས་མ་ཆད་པར། “ཀྱེ་དཀོན་མཆོག་ལགས། ཁྱེད་ཀྱིས་དཱ་བིད་ཀྱི་སྲས་སྐྱོབ་རོགས་གནང་། ཡ་ཧོ་ཝཱའི་མཚན་ཐོག་ནས་ཕེབས་མཁན་ལ་བདེ་ལེགས་སྤེལ་བར་ཤོག ནམ་མཁའི་སྟེང་དུ་བཞུགས་པའི་དཀོན་མཆོག་གིས་ཁོང་སྐྱོབ་པར་ཤོག”ཅེས་སྐད་བརྒྱབ།
10 ཁོང་གྲོང་ཁྱེར་ཡེ་རུ་ཤ་ལེམ་ལ་འཛུལ་བའི་རྗེས། གྲོང་ཁྱེར་ཧྲིལ་པོའི་མི་རྣམས་ཚ་ཚ་འུར་འུར་བྱུང་ནས་ “འདི་སུ་རེད”ཅེས་བཤད།
11 མི་ཚོགས་ཀྱིས་མཚམས་མ་ཆད་པར “འདི་ནི་སྔོན་ཤེས་པ་ཡེ་ཤུ། ཀཱ་ལི་ལི་ཡུལ་གྱི་ནཱ་ཙ་རེལ་ནས་ཡོང་བ་རེད”ཞེས་བཤད།
12 ཡེ་ཤུ་མཆོད་ཁང་དུ་འཛུལ་ནས་མཆོད་ཁང་ལ་ཉོ་ཚོང་བྱས་མཁན་ཚང་མ་ཕྱིར་བསྐྲོད་པ་དང་། དངུལ་བརྗེ་མཁན་གྱི་ཅོག་ཙེ་དང་ཕུག་རོན་བཙོངས་མཁན་གྱི་ཀུབ་ཀྱག་ས་ལ་བསྒྱལ། 13 ཁོང་གིས་མི་དེ་ཚོར། “གསུང་རབ་ནང་དུ་བཀོད་པར་ 'ངའི་མཆོད་ཁང་ལ་སྨོན་ལམ་འབུལ་སའི་མཆོད་ཁང་ཞེས་ཟེར།' འོན་ཀྱང་ཁྱེད་ཚོས་འདི་ཇག་ཚང་ལྟར་བཟོ་གི་འདུག”ཅེས་བཤད། 14 ལོང་བ་རྣམས་དང་རྐང་པ་ཞ་མཁན་རྣམས་མཆོད་ཁང་ནང་དུ་ཁོང་གི་རྩ་ལ་ཡོང་བས་ཁོང་གིས་ཁོ་ཚོའི་ནད་བསལ།
15 མཆོད་དཔོན་གཙོ་བོ་རྣམས་དང་བཀའ་ཁྲིམས་མཁས་པ་རྣམས་ཀྱིས་ཡེ་ཤུའི་བྱ་སྤྱོད་ངོ་མཚར་ཅན་མཐོང་བ་དང་། མཆོད་ཁང་ནང་དུ་བུ་ཆུང་རྣམས་ཀྱིས་སྐད་ཆེན་པོས་ “དཀོན་མཆོག་གིས་དཱ་བིད་ཀྱི་སྲས་སྐྱོབ་པར་ཤོག”ཅེས་སྐད་རྒྱག་པ་མཐོང་ནས་ཁོང་ཁྲོ་སྐྱེས། 16 ཁོ་ཚོས་ཡེ་ཤུ་ལ། “ཁོ་ཚོ་གང་བཤད་བཞིན་ཡོད་པ་ཐོས་བྱུང་ངམ”ཞེས་བཤད། ཡེ་ཤུས་ཁོ་ཚོར། “ཐོས་བྱུང་། 'ཁྱེད་ཀྱིས་ཕྲུ་གུ་རྣམས་དང་བྱིས་པ་རྣམས་ཀྱི་ཁ་ནས་བསྟོད་བསྔགས་གཏོང་དུ་བཅུག'ཅེས་བཀོད་པ་ཁྱེད་ཚོས་ཀློག་མྱོང་མེད་དམ”ཞེས་བཤད། 17 དེ་ནས་ཡེ་ཤུས་ཁོ་ཚོ་དང་ཁ་བྲལ།་ཁོང་གྲོང་ཁྱེར་གྱི་ཕྱི་ལ་ཡོད་པའི་གྲོང་སྡེ་པེ་ཐན་ཡཱ་ལ་ཕྱིན་ནས་མཚན་མོ་དེར་བསྡད།
18 ཞོགས་པ་སྔ་མོ་ཁོང་གྲོང་ཁྱེར་དུ་ལོག་པའི་ལམ་བར་དུ་ཡེ་ཤུ་གྲོད་ཁོག་སྟོགས། 19 ཁོང་གིས་ལམ་འགྲམ་དུ་མེ་ཏོག་གསང་ཤིང་ཡོད་པ་མཐོང་ནས་དེར་ཡོང་ཀྱང་། ལོ་མ་མ་གཏོགས་གང་ཡང་མེད་པ་མཐོང་ནས་ཁོང་གི་ཤིང་སྡོང་དེར། “ད་ནས་བཟུང་ཁྱེད་ལ་ནམ་ཡང་འབྲས་བུ་མ་སྐྱེ་བར་ཤོག”ཅེས་བཤད། འཕྲལ་དུ་མེ་ཏོག་གསང་ཤིང་དེ་བསྐམས་སོང་། 20 དགེ་ཕྲུག་རྣམས་ཀྱིས་དེ་མཐོང་སྟེ་ཧ་ལས་ནས་“མེ་ཏོག་གསང་ཤིང་འདི་གང་འདྲ་བྱས་ནས་འདི་ལྟར་མགྱོགས་པོ་བསྐམས་སོང”ཞེས་བཤད། 21 ཡེ་ཤུས་ལན་དུ་ཁོ་ཚོར། “ངས་ཁྱེད་ཚོར་བདེན་པ་ཟེར། ཁྱེད་ཚོར་དད་པ་ཡོད་དེ་ཐེ་ཚོམ་མ་བྱས་ན། ཁྱེད་ཚོས་ཀྱང་ངས་མེ་ཏོག་གསང་ཤིང་འདི་ལ་བྱས་པ་ལྟར་བྱེད་ཐུབ་པ་མ་ཟད། རི་བོ་འདི་ལ་'ཡར་བཀོག་ནས་རྒྱ་མཚོ་ལ་ལྷུང་བར་ཤོག'ཅེས་བཤད་ན་ཡང་དེ་བཞིན་དུ་འབྱུང་གི་རེད། 22 ཁྱེད་ཚོར་དད་པ་ཡོད་ན་སྨོན་ལམ་བརྒྱབ་ནས་ཞུ་བ་འཐེན་པ་ཚང་མ་དེ་བཞིན་དུ་ཁྱེད་ཚོར་འཐོབ་ངེས་ཡིན་”ཞེས་བཤད།
23 ཡེ་ཤུ་མཆོད་ཁང་ནང་དུ་འཛུལ་ནས་མི་ལ་སློབ་སྟོན་གནང་སྐབས། མཆོད་དཔོན་གཙོ་བོ་རྣམས་དང་མི་དམངས་ཀྱི་རྒན་རབས་རྣམས་ཁོང་གི་མདུན་དུ་ཡོང་ནས། “ཁྱེད་རང་གིས་དབང་ཆ་གང་ལ་བརྟེན་ནས་ལས་ཀ་འདི་འདྲ་བྱེད་ཀྱི་ཡོད། སུས་དབང་ཆ་དེ་སྤྲད་བྱུང”ཞེས་དྲིས། 24 ཡེ་ཤུས་ལན་དུ། “ངས་ཀྱང་ཁྱེད་ཚོར་དྲི་བ་གཅིག་འདྲི་རྒྱུ་ཡོད། གལ་སྲིད་ཁྱེད་ཚོས་ལན་རྒྱག་ཐུབ་ན་ངས་ཀྱང་ཁྱེད་ཚོར་དབང་ཆ་གང་ལ་བརྟེན་ནས་ངས་འདི་ལྟར་བྱེད་པ་བཤད་ཆོག 25 ཡོ་ཧ་ནན་གྱི་ཆུ་ལ་སྦངས་སྲོལ་གྱི་ཡོང་ཁུངས་གང་ནས་ཡིན། ནམ་མཁའ་ནས་ཡིན་ནམ། ཡང་ན་མི་ནས་ཡིན་ནམ”ཞེས་དྲིས། འོན་ཀྱང་ཁོ་ཚོས་ཕན་ཚུན་གྲོས་གླེང་འགོ་བཅུགས་ཏེ། “གལ་སྲིད་ང་ཚོས་'ནམ་མཁའ་ནས་རེད'ཅེས་བཤད་ན་ཁོས་ང་ཚོར་'འོ་ན་ཁྱེད་ཚོ་ཁོང་ལ་ཡིད་ཆེས་མ་བྱས་པ་གང་ཡིན'ཞེས་བཤད་ཀྱི་རེད། 26 ཡིན་ན་ཡང་གལ་སྲིད་ང་ཚོས་'མི་ནས་རེད'ཅེས་བཤད་ན་ང་ཚོ་དམངས་ཚོགས་ལ་ཞེད་ཀྱི་འདུག ཁོ་ཚོ་ཚང་མས་ཡོ་ཧ་ནན་སྔོན་ཤེས་པ་ལ་བརྩི་གི་འདུག”ཅེས་བཤད། 27 དེ་ནས་ཁོ་ཚོས་ཡེ་ཤུ་ལ་ལན་དུ། “ང་ཚོས་ཤེས་ཀྱི་མེད”ཅེས་བཤད། ཡེ་ཤུས་ཀྱང་ཁོ་ཚོར་བཤད། “འོ་ན་ངས་ཀྱང་དབང་ཆ་གང་ལ་བརྟེན་ནས་འདི་ལྟར་བྱེད་པ་ཁྱེད་ཚོར་བཤད་ཀྱི་མིན།
28 “ཁྱེད་ཚོའི་བསམ་ཚུལ་གང་འདྲ་ཡིན། མི་ཞིག་ལ་བུ་གཉིས་ཡོད་དེ། ཁོང་གིས་བུ་ཆེ་བར་ 'བུ། དེ་རིང་རྒུན་འབྲུམ་ལྡུམ་རར་ཕྱིན་ནས་ལས་ཀ་བྱེད་དང'ཞེས་བཤད། 29 བུ་དེས་ལན་དུ། 'ང་འགྲོ་གི་མིན'ཅེས་བཤད། ཡིན་ན་ཡང་ཁོས་རྗེས་ལ་འགྱོད་པ་སྐྱེས་ནས་ལྡུམ་རར་ཕྱིན་པ་རེད། 30 ཕ་དེས་བུ་ཆུང་བ་ལ་ཡང་སྐད་ཆ་གཅིག་པ་བཤད། བུ་ཆུང་བས། 'ལགས་སོ། ང་འགྲོ་གི་ཡིན'ཞེས་ལན་བརྒྱབ་ཀྱང་རྗེས་ལ་ཕྱིན་མེད། 31 བུ་དེ་གཉིས་ནས་སུ་ཞིག་གིས་ཕ་ཡིས་དགོས་པ་བཞིན་དུ་བྱས་པ་རེད།” ཁོ་ཚོས། “བུ་ཆེ་བ་དེ་རེད”ཅེས་བཤད། ཡེ་ཤུས་ཁོ་ཚོར་“ངས་ཁྱེད་ཚོར་བདེན་པ་ཟེར། ད་ལྟ་ཁྲལ་བསྡུ་མཁན་དང་སྨད་ཚོང་མ་རྣམས་ཁྱེད་ཚོ་ལས་སྔོན་ལ་དཀོན་མཆོག་གི་རྒྱལ་སྲིད་ལ་འཛུལ་གྲབས་འདུག 32 གང་ཡིན་ཟེར་ན་ཡོ་ཧ་ནན་ཡོང་ནས་ཁྱེད་ཚོར་དྲང་བདེན་གྱི་ལམ་ཁ་བསྟན་དུས་ཁྱེད་ཚོས་ཁོང་ལ་ཡིད་ཆེས་མ་བྱས། འོན་ཀྱང་ཁྲལ་བསྡུ་མཁན་དང་སྨད་ཚོང་མ་རྣམས་ཀྱིས་ཁོང་ལ་ཡིད་ཆེས་བྱས་པ་རེད། འོན་ཀྱང་ཁྱེད་ཚོས་དེ་མཐོང་བའི་རྗེས་ལ་ཡང་འགྱོས་པ་སྐྱེས་མེད་ལ་ཁོང་ལ་ཡིད་ཆེས་བྱས་མེད།
33 “ཁྱེད་ཚོས་དཔེ་གཞན་ཞིག་ཉོན་དང་། ཞིང་བདག་ཅིག་ཡོད་དེ། ཁོང་གིས་རྒུན་འབྲུམ་ལྡུམ་ར་ཞིག་འདེབས་འཛུགས་བྱས་ནས་ཕྱོགས་བཞིར་ར་བས་བསྐོར་བ་དང་། ནང་ལ་རྒུན་འབྲུམ་བཙིར་ས་བྲུས་ནས་ཐོག་ཁང་ཡང་བཟོས། དེ་ནས་ཁོང་གིས་ལྡུམ་ར་དེ་སོ་ནམ་པ་རྣམས་ལ་བོགས་མར་བཏང་ནས་ཕྱི་རྒྱལ་དུ་ཕྱིན། 34 རྒུན་འབྲུམ་བསྡུ་བའི་དུས་ལ་བབ་སྐབས། ཁོང་གིས་སོ་ནམ་པ་རྣམས་ནས་འབྲས་བུ་ལེན་པའི་ཆེད་དུ་གཡོག་པོ་རྣམས་བཏང་། 35 འོན་ཀྱང་སོ་ནམ་པ་རྣམས་ཀྱིས་གཡོག་པོ་རྣམས་ཟིན་ནས་གཅིག་ལ་རྡུང་རྡེག་བཏང་བ་དང་གཞན་པ་གཅིག་བསད། ད་དུང་གཞན་ཞིག་ལ་རྡོ་བཞུས་ནས་བསད། 36 ཞིང་བདག་གིས་ཡང་བསྐྱར་གཡོག་པོ་དེ་སྔོན་ལས་མང་བ་བཏང་། འོན་ཀྱང་སོ་ནམ་པ་རྣམས་ཀྱིས་ཁོ་ཚོ་ལའང་ལས་ཀ་གཅིག་པ་བྱས། 37 མཐའ་མར་ཞིང་བདག་གིས་'ཁོ་ཚོས་ངའི་བུ་ཡིན་ན་བརྩི་འཇོག་བྱེད་ངེས་རེད'ཅེས་བཤད་ནས་རང་ཉིད་ཀྱི་བུ་བཏང་། 38 སོ་ནམ་པ་རྣམས་ཀྱིས་ཁོང་གི་བུ་མཐོང་ནས་ཕན་ཚུན་གྲོས་བསྡུར་བྱས། 'མི་དེ་ཤུལ་འཛིན་མཁན་རེད། ཁོ་བསད་ནས་ཁོའི་ནོར་སྐལ་ང་ཚོར་བདག་པར་བྱེད་དོ' 39 ཁོ་ཚོས་བུ་དེ་ཟིན་ནས་རྒུན་འབྲུམ་ལྡུམ་རའི་ཕྱི་ལ་བསྐྲོད་ནས་བསད་པ་རེད། 40 ད་འོ་ན་རྒུན་འབྲུམ་ལྡུམ་རའི་བདག་པོ་སླེབ་སྐབས་ཁོང་གིས་སོ་ནམ་པ་དེ་ཚོར་ཐག་གཅོད་གང་འདྲ་བྱེད་ངེས་རེད” 41 ཁོ་ཚོས་ཡེ་ཤུ་ལ། “ཁོ་ཚོ་ཧ་ཅང་ངན་པ་ཡིན་པས་ཁོང་གིས་མི་དེ་ཚོ་རྦད་དེ་རྩ་མེད་གཏང་གི་རེད་ལ། དུས་ཐོག་ཏུ་འབྲས་བུ་སྤྲོད་པའི་སོ་ནམ་པ་གཞན་དག་ལ་ལྡུམ་ར་དེ་བོགས་མར་གཏང་གི་རེད”ཅེས་བཤད།
42 ཡེ་ཤུས་ཁོ་ཚོར་བཤད། “དམ་པའི་གསུང་རབ་ནང་དུ་འདི་ལྟར་བཀོད་པ་ཁྱེད་ཚོས་ཀློག་མྱོང་མེད་དམ། 'འཛུགས་བསྐྲུན་མཁན་གྱིས་དང་ལེན་མ་བྱས་པའི་རྡོ་དེ་ཟུར་རྡོ་གཅོ་བོ་ལ་གྱུར། ཡ་ཧོ་ཝཱས་འདི་ལྟར་གནང་བ་དེ་ང་ཚོའི་མིག་ནང་དུ་ངོ་མཚར་སྐྱེ་འོས་པ་ཞིག་ཡིན' 43 དེར་བརྟེན་ངས་ཁྱེད་ཚོར་ཟེར། དཀོན་མཆོག་གི་རྒྱལ་སྲིད་ཁྱེད་ཚོ་ནས་འཕྲོག་སྟེ། དེའི་འབྲས་བུ་སྐྱེད་ཐུབ་པའི་རྒྱལ་དམངས་ཞིག་ལ་གནང་ངེས་རེད། 44 རྡོ་འདིའི་སྟེང་དུ་འགྱེལ་བའི་མི་དུམ་བུར་ཆག་ལ། རྡོ་འདི་སུ་ཞིག་གི་སྟེང་དུ་ལྷུངས་ན་རྡོ་འདིས་མི་དེ་རྡུལ་དུ་རློག”
45 མཆོད་དཔོན་གཙོ་བོ་དང་ཕཱ་རུ་སི་ཤོག་ཁག་གི་མི་རྣམས་ཀྱིས་ཡེ་ཤུའི་དཔེ་འདི་ཐོས་ནས་ཡེ་ཤུས་ཁོ་ཚོའི་སྐོར་བཤད་པ་ཧ་གོ་སོང་། 46 ཁོ་ཚོས་ཡེ་ཤུ་འཇུ་བཟུང་བྱས་འདོད་བསམས་ཀྱང་དམངས་ཚོགས་ལ་འཇིགས། གང་ཡིན་ཟེར་ན་དམངས་ཚོགས་ཀྱིས་ཡེ་ཤུ་སྔོན་ཤེས་པ་ལ་བརྩིས།



