མད་ཐཱ་ལེའུ་ཉི་ཤུ་རྩ་གཉིས་པ།
Matthew 22
1 ཡེ་ཤུས་ད་དུང་དཔེ་ཞིག་བེད་སྤྱད་ནས་ཁོ་ཚོར་གསུངས་པར། 2 “ནམ་མཁའི་རྒྱལ་སྲིད་ནི་རྒྱལ་པོ་ཞིག་དང་འདྲ། 3 ཁོང་གིས་རང་གི་སྲས་ཀྱི་ཆེད་དུ་གཉན་སྒྲིག་གསོལ་སྟོན་འགྱེད་པ་རེད། ཁོང་གིས་གསོལ་སྟོན་དེ་ལ་གདན་འདྲེན་བྱས་པའི་མགྲོན་པོ་རྣམས་བསུ་བར་གཡོག་པོ་རྣམས་བཏང་ཀྱང་ཁོ་ཚོ་ཡོང་འདོད་མེད་པས། 4 ཁོང་གིས་ཡང་བསྐྱར་གཡོག་པོ་གཞན་དག་ལ། ‘མགྲོན་པོ་རྣམས་ལ་འདི་ལྟར་ཞུས་ཤིག “གཟིགས་དང་། ངས་གསོལ་སྟོན་གྲ་སྒྲིག་བྱས་ཚར། ངས་གླང་གོག་དང་ཤ་ཤེད་རྒྱས་པའི་ཕྱུགས་རིགས་ཀྱང་བཤའ་ཚར། ཐམས་ཅད་གྲ་སྒྲིག་བྱས་ཚར་པས་ཁྱེད་ཚོ་གཉན་སྒྲིག་གསོལ་སྟོན་ལ་ཕེབས་རོགས” ’ 5 འོན་ཀྱང་ཁོ་ཚོས་སྣང་བ་མ་བཏང་བར་མི་ཞིག་རང་གི་ཞིང་ཀར་ཕྱིན་པ་དང་། མི་གཞན་ཞིག་ཚོང་བྱས་པར་ཕྱིན། 6 འོན་ཀྱང་མི་གཞན་དག་ཞིག་གིས་ཁོང་གི་གཡོག་པོ་རྣམས་འཇུ་བཟུང་བྱས་ནས་ཁོ་ཚོར་ བཏང་ནས་བསད་པ་རེད།
7 རྒྱལ་པོ་དེ་ཁོང་ཁྲོ་ལངས་ནས་རང་གི་དམག་དཔུང་བཏང་ནས་ལག་དམར་བ་དེ་ཚོ་བསད་པ་དང་། ཁོ་ཚོའི་གྲོང་འཁྱེར་ཡང་མེ་ལ་སྲེག 8 དེ་ནས་ཁོང་གིས་གཡོག་པོ་རྣམས་ལ། ‘གཉན་སྒྲིག་གསོལ་སྟོན་གྲ་སྒྲིག་བྱས་ཚར་ཀྱང་ངས་གདན་འདྲེན་ཞུས་པའི་མི་རྣམས་ནི་དེར་ཞུགས་འོས་པ་མི་འདུག 9 ཁྱོད་ཚོ་གྲོང་འཁྱེར་ལ་འགྲོ་བའི་ལམ་ཁར་ཕྱིན་ནས་སུ་ཞིག་ཀྱང་དེར་ཐུག་ན་མི་དེ་གཉན་སྒྲིག་གསོལ་སྟོན་ལ་གདན་འདྲེན་ཞུས་ཤིག’ 10 གཡོག་པོ་རྣམས་བཀའ་མངགས་བཞིན་དུ་ཕྱིར་ཕྱིན་ནས་ལམ་ཐོག་ནས་རྙེད་པའི་མི་བཟང་པོ་དང་མི་ངན་པ་ཚང་མ་བསྡུས་པས། གཉན་སྒྲིག་མཛད་སྒོ་བྱེད་པའི་ཁང་པ་དེ་གསལ་སྟོན་ལ་ཞུགས་པའི་མི་ཡིས་ཁེངས།
11 རྒྱལ་པོ་དེས་མགྲོན་པོ་རྣམས་ལ་ལྟ་ཞིབ་བྱེད་པའི་ཆེད་དུ་ཡར་ཕེབས་སྐབས། ཁོང་གིས་གཉན་སྒྲིག་མཛད་སྒོའི་གོས་མ་གྱོན་པའི་མི་ཞིག་ཡོད་པ་མཐོང་བས། 12 ཁོང་གིས། ‘གྲོགས་པོ། ཁྱེད་ཀྱི་གཉན་སྒྲིག་མཛད་སྒོའི་གོས་མ་གྱོན་པར་འདིར་འཛུལ་ཡོང་བ་གང་ཡིན’ ཞེས་དྲིས། མི་དེས་ལན་རྒྱག་སྟབས་མེད་པར་གྱུར། 13 རྒྱལ་པོ་དེས་ཞབས་འདེགས་པ་རྣམས་ལ་བཀའ་བཏང་ནས། ‘མི་འདིའི་ལག་པ་དང་རྐང་པ་བཅིངས་ནས་ཕྱི་ལོགས་ཀྱི་མུན་ནག་ནང་དུ་དབྱུགས་ཤིག དེར་མི་འདིས་ངུ་ཞིང་ཨམ་བཙིགས་རྒྱག་ཡོང’
14 “གདན་འདྲེན་ཐོབ་པའི་མི་མང་པོ་ཡོད་ཀྱང་བདམ་པའི་མི་ནི་ཉུང་ཉུང་རེད”
15 སྐབས་དེ་དུས་ཤོག་ཁག་ཕཱ་རུ་སི་པ་རྣམས་ཀྱིས་ཡེ་ཤུའི་གཏམ་ཐོག་ནས་ཁོང་རྙི་ལ་བཅུག་པའི་ཇུས་ངན་བཤོམ། 16 ཁོ་ཚོས་རང་གི་རྗེས་འབྲང་པ་རྣམས་དང་ཧེ་ལོ་དཱ་ཤོག་ཁག་གི་རྗེས་འབྲང་པ་རྣམས་ལྷེང་གཅིག་ཏུ་བཏང་། ཁོ་ཚོས་“རྒན་ལགས། ང་ཚོས་ཁྱེད་རང་བདེན་དོན་གསུང་མཁན་ཡིན་པ་དང་། བདེན་པའི་སྒོ་ནས་དཀོན་མཆོག་གི་ལམ་ཁ་སློབ་སྟོན་གནང་བ་ཤེས་ཀྱིས་ཡོད། ཁྱེད་རང་གིས་མི་སུ་ཞིག་གི་རྒྱབ་སྐྱོར་ཡང་མི་འཚོལ་ལ། མིའི་ཕྱི་ཚུལ་ལ་མི་གཟིགས། 17 ང་ཚོས་བཀའ་འདྲི་ཞུ་རྒྱུར། ཁྱེད་རང་གི་བསམ་པར་རོ་མ་རྒྱལ་ཁབ་ཀྱི་གོང་མར་མི་བོགས་སྤྲོད་པ་དེ་བཀའ་ཁྲིམས་དང་མཐུན་ནམ། མི་མཐུན་ནམ” ཞེས་བཤད། 18 འོན་ཀྱང་ཡེ་ཤུས་ཁོ་ཚོའི་བསམ་ངན་མཁྱེན་ནས་ཁོ་ཚོར། “ཚུལ་འཆོད་མཁན་ཁྱེད་ཚོས་ངའི་ཉམས་ཚོད་ལེན་པ་གང་ཡིན། 19 ང་ལ་ཁྲལ་གྱི་སྒོར་མོ་བསྟན་དང” ཞེས་གསུངས་པས། ཁོ་ཚོས་ཁོང་ལ་དངུལ་སྒོར་གཅིག་བསྟན། 20 ཡེ་ཤུས་ཁོ་ཚོར། “སྒོར་མོ་སྒང་ལ་བརྐོས་པའི་འདྲ་གཟུགས་དང་མཚན་རྟགས་འདི་སུའི་རེད” ཅེས་དྲིས། 21 ཁོ་ཚོས། “གོང་མའི་རེད” ཅེས་བཤད། དེ་ནས་ཡེ་ཤུས་ཁོ་ཚོར། “དེ་འདྲ་ཡིན་ན་གོང་མའི་དངོས་པོ་གོང་མར་ཕར་སྤྲོད་དང་། འོན་ཀྱང་དཀོན་མཆོག་གི་དངོས་པོ་ནི་དཀོན་མཆོག་ལ་སློག་དགོས” ཞེས་གསུངས། 22 ཁོ་ཚོས་གཏམ་དེ་ཐོས་སྐབས་ཧ་ལས་ནས་ཁོང་གི་མདུན་ནས་ཕར་ཕྱིན་སོང་།
23 ཉིན་དེར་མི་སླར་གསོན་རྒྱུ་མེད་ཅེས་ཟེར་བའི་སཱ་དུ་སི་ཤོག་ཁག་གི་མི་རྣམས་གིས་ཡེ་ཤུའི་མདུན་དུ་ཡོང་ནས་ཁོང་ལ། 24 “རྒན་ལགས། མོ་ཤེ་ཡིས་ ‘གལ་སྲིད་མི་ཞིག་བུ་ཕྲུག་མ་སྐྱེས་གོང་ཤི་ན། ཁོའི་གཅེན་གཅུང་གིས་ཁོའི་ཆུང་མ་དང་གཉན་སྒྲིག་བྱས་ནས་རང་གི་གཅེན་གཅུང་གི་ཆེད་དུ་བུ་རྒྱུད་སྐྱེ་དགོས’ཞེས་གསུངས། 25 ང་ཚོ་འདིར་གཅེན་གཅུང་བདུན་ཡོད་པ་དང་། དང་པོ་དེ་གཉན་སྒྲིག་བྱས་ཀྱང་བུ་རྒྱུད་མ་སྐྱེས་གོང་གྲོངས་སོང་། ཁོའི་ཆུམ་མ་དེ་ཁོའི་གཅེན་གཅུང་ཞིག་དང་གཉན་སྒྲིག་བྱས་པ་རེད། 26 གཉིས་པ་དང་གསུམ་པ་ཡང་གནས་ཚུལ་དེ་དང་གཅིག་པ་བྱུང་ནས་བདུན་པོ་ཚང་མ་དེ་བཞིན་དུ་བྱུང་བ་རེད། 27 མཐའ་མར་བུད་མེད་དེ་ཡང་གྲོངས་སོང་། 28 དེ་འདྲ་ཡིན་ན་མི་སླར་གསོན་སྐབས་ཁོ་མོ་སུའི་ཆུང་མ་རེད། ཁོང་ཚོ་ཚང་མས་ཁོ་མོ་གནའ་མར་ལེན་པ་རེད”
29 ཡེ་ཤུས་ལན་དུ། “ཁྱེད་ཚོ་ནོར་འདུག གང་ཡིན་ཟེར་ན་ཁྱེད་ཚོས་དམ་པའི་གསུང་རབ་ལ་ཤེས་རྟོགས་མེད་ལ། དཀོན་མཆོག་གི་ནུས་མཐུ་ཡང་ཤེས་ཀྱི་མི་འདུག 30 མི་སླར་གསོན་སྐབས་སྐྱེས་པས་གནའ་མ་མི་ལེན་ལ་བུད་མེད་ཀྱང་གནའ་མར་མི་འགྲོ། ཁོ་ཚོ་ནམ་མཁའི་ཕོ་ཉ་རྣམས་ལྟར་ཡིན། 31 གྲོངས་ཚར་བའི་མི་སླར་གསོན་རྒྱུའི་སྐོར་དཀོན་མཆོག་གིས་ཁྱེད་ཚོར་གང་གསུངས་པ་ཀློག་མྱོང་མེད་དམ། དཀོན་མཆོག་གིས། 32 ‘ང་ནི་ཨབ་ར་ཧམ་གྱི་དཀོན་མཆོག ཨི་སཱག་གི་དཀོན་མཆོག ཡཱ་ཀོབ་ཀྱི་དཀོན་མཆོག་ཡིན’ཞེས་གསུངས། ཁོང་མི་གསོན་པོའི་དཀོན་མཆོག་ཡིན་པ་ལས་མི་གཤིན་པོའི་དཀོན་མཆོག་མིན”ཞེས་གསུངས། 33 དེ་ཐོས་ནས་མི་ཚོགས་རྣམས་ཁོང་གི་བསླབ་བྱ་ལ་ཧང་སང་སོང་།
34 ཕཱ་རི་སི་ཤོག་ཁག་གི་མི་རྣམས་ཀྱིས་སཱ་དུ་སི་ཤོག་ཁག་གི་མིས་ཡེ་ཤུ་ལ་ལན་རྒྱག་མ་ཐུབ་པ་ཐོས་པས། ཤོག་ཁག་དེ་གཉིས་ཀྱི་མི་རྣམས་ལྷན་གཅིག་ཏུ་ཡོང་། 35 ཁོ་ཚོ་ནང་ནས་བཀའ་ཁྲིམས་ལ་བྱང་ཆུབ་པའི་མི་ཞིག་གིས་ཡེ་ཤུའི་ཉམས་ཚོད་ལེན་པའི་ཆེད་དུ། 36 “རྒན་ལགས། བཀའ་ཁྲིམས་ནང་དུ་བཀའ་གལ་ཆེ་ཤོས་དེ་གང་ཞིག་ཡིན་ནམ” ཞེས་དྲིས། 37 ཡེ་ཤུས་ཁོ་ལ་གསུངས་པར། “‘ཁྱོད་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་སེམས་ཧྲིལ་པོ་དང་སྲོག་ཧྲིལ་པོ་དང་བློ་ཧྲིལ་པོ་ནས་བརྩེ་བ་བྱེད་དགོས’ 38 འདི་ནི་བཀའ་གལ་ཆེ་ཤོས་དང་དང་པོ་དེ་ཡིན། 39 གཉིས་པ་ནི་དེ་དང་འདྲ་པོ་ཡིན། ‘ཁྱོད་ཀྱིས་ཉེ་འཁོར་གྱི་མི་ལ་རང་ཉིད་ལ་བརྩེ་བ་ལྟར་བརྩེ་བ་བྱེད་དགོས’ 40 བཀའ་ཁྲིམས་དང་སྔོན་ཤེས་པས་དེབ་ཚང་མ་ནི་བཀའ་འདི་གཉིས་ལ་བཏགས་ཡོད”
41 ཕཱ་རི་སི་ཤོག་ཁག་གི་མི་རྣམས་འཛོམས་ཡོད་དུས་ཡེ་ཤུས་ཁོ་ཚོར། 42 “ཁྱེད་ཚོར་ཁི་རི་སི་ཐོའི་སྐོར་བསམ་ཚུལ་གང་ཡོད། ཁོང་སུའི་སྲས་རེད་དམ” ཞེས་དྲིས་པ་ལ། ཁོ་ཚོས་“དཱ་བིད་ཀྱི་སྲས་རེད”ཅེས་བཤད། 43 ཡེ་ཤུས་ཁོ་ཚོར། འོ་ན་དཱ་བིད་ཀྱིས་དཀོན་མཆོག་གི་ནུས་ཤུགས་ཀྱི་ཤུགས་རྐྱེན་འོག་ཏུ་ཁི་རི་སི་ཐོ་ལ་གཙོ་བོ་ཞེས་ཞུས་ནས་ 44 ‘ཡ་ཧོ་ཝཱས་ངའི་གཙོ་བོ་ལ་“ངས་ཁྱེད་ཀྱི་དགྲ་བོ་ཁྱེད་ཀྱི་རྐང་འོག་ཏུ་མ་གཞག་གོང་ངའི་གཡས་ཕྱོགས་སུ་སྡོད་ཅིག”ཅེས་བཤད་པ་གང་ཡིན། 45 དཱ་བིད་ཀྱིས་ཁོང་ལ་གཙོ་བོ་ཞེས་བོས་པ་ཡིན་ན་ཁོང་དཱ་བིད་ཀྱི་སྲས་ཡིན་སྲིད་དམ”ཞེས་དྲིས་པ་ལ། 46 སུས་ཀྱང་ཚིག་གཅིག་ཀྱང་ལན་རྒྱག་ཐབས་མེད་པས། ཉི་མ་དེ་ནས་བཟུང་མི་སུས་ཀྱང་ཡེ་ཤུ་ལ་ད་དུང་དྲི་བ་འདྲི་ནུས་མེད་པར་གྱུར།



